༄༅། །ཚེས་ཆེན་བཅོ་ལྔའི་དམངས་གཙོའི་བཀའ་སློབ་གལ་ཆེན།

       བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ངོས་རང་ཆུང་ཆུང་སྐབས་རྒྱལ་ཚབ་ཀྱིས་དབང་ཆ་བཟུང་ནས་ཡོད་པ་དེ་དྲང་པོ་མེད་པའི་གནས་ཚུལ་མང་པོ་ཞིག་ཐོས་མྱོང་ལ། ངོས་རང་གིས་དངོས་སུ་མིག་གིས་མཐོང་བར། དེ་སྐབས་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་རེད། རྒྱལ་ཚབ་སྟག་བྲག་གི་སྐབས་སུ་གཟིམ་ཤག་ཕ་ལྷའི་མི་སེར་སྤོ་བོ་ལགས་ཤིག་གིས་ཕ་ལྷར་ཁ་མཆུ་བཙུགས་ཏེ། ཁ་མཆུ་དེ་རྗེས་སུ་ཤོད་འགག་ལ་སླེབས་ཡོད། ཤོད་འགག་ནས་སྤོ་ལགས་དེས་གཟིམ་ཤག་ཕ་ལྷར་ཁ་མཆུ་བཙུགས་པའི་རྒྱུ་རྐྱེན་ཞུ་བ་ལེན་གྱི་འདུག ཤོད་འགག་གི་ཐོག་ཁར་ཤར་བརྒྱུད་གཟིམ་ཆུང་འཁེལ་ཡོད། དེ་ལ་གནམ་ཡངས་ཆུང་ཆུང་ཞིག་ཡོད་པ་རྗེས་སུ་ཤེལ་སྒོ་དང་ལྕགས་དྲ་ཡོད། དེ་དུས་གད་པ་ཚོས་དེའི་གསང་ནས་བལྟས་ཏེ་ཨ་ཅོག་ཉན་གྱི་འདུག ང་རང་གད་པ་ཚོ་དང་ཧ་ཅང་འཆམ་པོ་ཡོད། ང་ཚོ་ཇ་དང་ཁ་ལག་མཉམ་སྤྱོད་དང་དེ་བཞིན་རྩེད་མོ་རྩེས་པ་སོགས་བྱས་ཏེ་ངོས་རང་གད་པ་ཚོ་དང་ཧ་ཅང་འཆམ་པོ་ཡོད། ཉིན་གཅིག་གད་པ་ཞིག་གིས་ང་ལ་ཁོ་པའི་སར་ཤོག་བརྗོད་བྱུང་། ངས་གོམ་སྒྲ་ཆུང་ངུ་སྤོས་ནས་ཕྱིན་ཏེ། ཐོག་ཁའི་གནམ་ཡངས་ནས་མར་བལྟས་ཏེ་ཨ་ཅོག་ཉན་པ་ཡིན། ཤོད་འགག་ཏུ་སྣེ་མགྲོན་གྱིས་དངོས་གནས་བྱས་ནས་ཁ་མཆུ་ཐུག་སྟེ་ཞུ་བ་ལེན་གྱི་ཡོད་སྟབས། ཞུ་བ་འབུལ་མཁན་གྱི་བདེ་སྡུག་ཚང་མ་ཉན་དགོས་པ་རེད། འོན་ཀྱང་ཉན་གྱི་མི་འདུག སྤོ་ལགས་ཀྱིས་ཡར་བདེ་སྡུག་ཞུ་སྐབས་མར་གཤེ་གཤེ་བཏང་བ་དང་སྤོ་བོ་ལགས་ལ་ཁག་བཏགས་ནས་མ་འགྲིག་མ་འཐུས་པ་དེ་འདྲ་བཤད་སོང་། དེ་ང་རང་གིས་མཐོང་བྱུང་། ཁྲིམས་ཞེས་པ་དྲང་པོ་དྲང་བཞག་ཅིག་མེད་ན་གང་ཡང་མི་འདུག་བསམ་པ་དང་། དེར་བརྟེན་དེ་དུས་ནས་བོད་ཀྱི་སྲིད་དབང་འཛིན་སྟངས་ཡག་པོ་མི་འདུག་བསམ་བྱུང་།

         དེ་ནས་རྒྱ་མི་བོད་དུ་སླེབས་རྗེས་ལེགས་བཅོས་སྤྱི་ཚོགས་བཙུགས་ཏེ་བསྒྱུར་བཅོས་གཏོང་རྒྱུའི་འབད་བརྩོན་བྱས་པ་དང། དེ་བཞིན་གྱོད་ཞིབ་ལས་ཁུངས་བཙུགས་པ་ཡིན། ནམ་རྒྱུན་སེར་མོ་བ་ཚོ་གྱོད་དང་ཁ་མཆུ་བྱུང་ན། ཡིག་ཚང་ལས་ཁུངས་ལ་གཏུག་དགོས་ཀྱི་ཡོད། ཡིག་ཚང་ལས་ཁུངས་ནི་སེར་མོ་བའི་སྤྱི་བསྡོམས་ལྟ་བུ་རེད། སྐྱ་བོ་ཚོ་ཁ་མཆུ་བྱུང་ན་ཕལ་ཆེར་རྩིས་ཁང་ལས་ཁུངས་དང་བཀའ་ཤག་ལ་གཏུག་དགོས་ཀྱི་ཡོད། དེ་ནི་ཕྱོགས་ལྷུང་ཐོག་སོང་ནས་ཡག་པོ་ཡོང་གི་མེད་པར་བརྟེན་གྱོད་ཞིབ་ལས་ཁུངས་ཞེས་ཟུར་དུ་བཙུགས་པ་ཡིན། དེའི་འགོ་ཁྲིད་ལ་གཡུ་ཐོག་ས་དབང་ཆེན་མོ་བསྐོས་པ་ཡིན། དེ་དུས་གཡུ་ཐོག་ནི་དྲང་པོའི་ཚད་འཛིན་ས་ལྟ་བུ་ཡིན། ཉིན་གཅིག་ཁ་མཆུ་རྒྱག་མཁན་མི་གཅིག་གིས་གཡུ་ཐོག་གི་གཟིམ་ཤག་ལ་བཅར་ནས་སྐྱབས་རྟེན་ཟེར་བ་གང་ལྟར་ལྐོག་རྔན་སྤྲད་འདུག གཡུ་ཐོག་གྱོང་པོ་ཡིན་སྟབས་སྐྱབས་རྟེན་དེ་བླངས་ནས་སང་ཉིན་ལས་ཁུངས་ལྷན་རྒྱས་ཚུགས་སྐབས་སྐྱབས་རྟེན་སྤྲོད་མཁན་གྱི་མི་དེ་སྐད་བཏང་སྟེ། གྱོད་ཞིབ་ལས་ཁུངས་ཚོགས་པའི་དཀྱིལ་དུ་ཁྱོད་རང་གིས་ཁ་སང་སྐྱབས་རྟེན་འདི་འཁྱེར་ནས་ངའི་སར་ཡོང་ཡོད། འོན་ཀྱང་ངས་སྐྱབས་རྟེན་བཟས་ཏེ་ཁ་མཆུ་ཐག་གཅོད་རྩ་བ་ནས་བྱེད་ཀྱི་མ་རེད། དངོས་ཡོད་གནས་ཚུལ་དྲང་པོ་དྲང་བཞག་ཐོག་ནས་སུས་ནོར་འདུག སུ་ལ་བདེན་པ་འདུག་དེ་ལ་བལྟས་ཏེ་ཐག་གཅོད་བྱེད་རྒྱུ་མ་གཏོགས་སྐྱབས་རྟེན་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་མ་རེད། ཁྱོད་རང་གི་སྐྱབས་རྟེན་འདི་མར་འཁྱེར་ཞིག་ཅེས་ཕྱིར་སློག་བྱས་འདུག དེ་དུས་གཡུ་ཐོག་གིས་དེ་འདྲ་བྱས་པ་རེད་ཅེས་གྲགས་པ་ཆེན་པོ་བྱུང་སོང་། གང་ལྟར་གྱོད་ཞིབ་ལས་ཁུངས་ཟུར་དུ་བཙུགས་པ་རེད། དེ་སྔ་ཡིག་ཚང་དང་བཀའ་ཤག་ནས་བྱེད་ཀྱི་ཡོད། གྱོད་ཞིབ་ལས་ཁུངས་ཟུར་དུ་བཙུགས་ཏེ་སྔར་མེད་གསར་གཏོད་བྱས་པ་རེད། དེ་བཞིན་ལེགས་བཅོས་སྤྱི་ཚོགས་འཛུགས་པ་དེ་ཡང་སྔར་མེད་གསར་གཏོད་ཡིན།

       དེ་རྗེས་རྒྱ་གར་དུ་སླེབས་ནས་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་ང་ཚོས་མང་གཙོའི་ལས་འགུལ་འགོ་བཙུགས་བྱས་པ་དང་། དེ་ནས་ལོ་སུམ་ཅུའམ་བཞི་བཅུ་ལྷག་ཙམ་རིང་བསམ་པ་རྣམ་དག་གིས་མང་གཙོའི་ལས་འགུལ་གོམ་པ་རིམ་བགྲོད་ཐོག་ནས་བྱས་ཡོད། ང་ཚོ་བོད་སྤྱི་ཡོངས་ཀྱི་ཁ་རྒྱུན་ལ་ྋརྒྱལ་བ་རིན་པོ་ཆེས་མང་གཙོ་མར་གསོལ་རས་གནང་བྱུང་ཞེས་རྡོག་རྡོག་ཅིག་མར་སྤྲད་པ་ལྟ་བུ་ཤོད་ཀྱི་ཡོད། གང་ལྟར་དུས་ད་ལྟ་བར་དུ་དེ་འདྲ་བྱས་ནས་ཕྱིན་པ་རེད། ལོ་བཅུའི་གོང་ལ་བཀའ་བློན་ཁྲི་པ་འོས་འདེམས་བྱས་ནས་བསྐོས་པ་མ་གཏོགས་ངོས་ཀྱིས་མིང་བཏོན་ནས་བསྐོས་ན་འགྲིག་གི་མི་འདུག་ཅེས་བརྗོད་པ་ཡིན། བཀའ་ཁྲི་མི་མང་གིས་འོས་འདེམས་བྱས་ནས་བསྐོས་ཏེ་ད་ཆ་ལོ་བཅུ་ཕྱིན་ཡོད། དོན་གྱི་ཆ་ནས་བཀའ་བློན་ཁྲི་པ་འོས་བསྡུ་བྱས་ཏེ་བསྐོས་པའི་ཉིན་མོ་དེ་ནས་ྋརྒྱལ་བ་རིན་པོ་ཆེའི་དགའ་ལྡན་ཕོ་བྲང་གི་བླ་བྲང་ཐོག་ནས་བོད་ཀྱི་ལུགས་གཉིས་ཀྱི་དབང་ཆ་ཆ་ཚང་འཛིན་རྒྱུ་དུས་དེ་ནས་འགྱུར་བ་ཕྱིན་ཟིན་པ་རེད། དེར་བརྟེན་ངོས་རང་ཕྱེད་རྒས་ཡོལ་ཡིན་ཞེས་ཤོད་ཀྱི་ཡོད། དེ་ལྟར་ལོ་བཅུ་ཕྱིན་པ་རེད།

      ད་ཆ་དངོས་གནས་མང་གཙོ་མཚན་ཉིད་ཚང་བ་དང་། མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་སྔ་ཕྱི་མ་གཏོགས་བྱེད་དགོས་པ་ལས། རྒྱལ་པོ་དང་བླ་ཆེན་གྱིས་དབང་ཆ་བཟུང་རྒྱུ་ཟེར་བ་དེ་དུས་ཚོད་རྙིང་པའི་སྐད་ཆ་རེད། འཛམ་གླིང་གི་མི་སྤྱི་འགྲོ་སའི་ལམ་ཐོག་ང་ཚོ་འགྲོ་དགོས་པ་ཡིན། འཛམ་གླིང་སྤྱིའི་འགྲོ་ས་དངོས་གནས་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ཏེ་འགྲོ་རྒྱུ་དེ་ཡག་ཤོས་རེད། དཔེར་ན། རྒྱ་གར་ལ་ཆ་བཞག་ན་མི་འབོར་ཧ་ཅང་ཆེན་པོ་དང་རྙོག་དྲ་ཡང་ཧ་ཅང་ཆེན་པོ་ཡོད། རིག་གཞུང་དང་། སྐད་ཡིག་རྒྱ་གར་ཤར་ནུབ་ལྷོ་བྱང་སོ་སོ་ལ་མི་འདྲ་བ་ཡོད། འོན་ཀྱང་མང་གཙོ་ཡིན་པ་དང་། ཁྲིམས་ཀྱི་དབང་སྒྱུར་ཡོད་པ། གཏམ་བརྗོད་ཀྱི་རང་དབང་ཡོད་པ། གསར་འགྱུར་གྱི་རང་དབང་ཡོད་པ་དེ་འདྲའི་ཐོག་ནས་རྒྱ་གར་ཧ་ཅང་བརྟན་པོར་གནས་ཐུབ་ཀྱི་ཡོད། ཕར་ཕྱོགས་རྒྱ་ནག་དབང་ཆ་གཅིག་སྡུད་བྱས་ཏེ་བསྡད་ཡོད་སྟབས་ག་དུས་ཡིན་ནའང་དཀའ་ངལ་འཕྲད་ཀྱི་ཡོད། ཉེ་ཆར་རྒྱ་ནག་གཞུང་གི་ཡིག་ཆའི་ནང་རྒྱལ་སྲུང་གི་འགྲོ་སོང་ལས་ནང་ཁུལ་བདེ་འཇགས་ཀྱི་འགྲོ་སོང་མང་བ་ཆགས་འདུག དངོས་གནས་བྱས་ན་དེ་ནི་ཕྱིའི་དགྲ་ལས་ནང་གི་དགྲ་མང་བ་ལྟ་བུ་ཆགས་ཡོད་པས་ངོ་ཚ་དགོས་པ་ཡིན། མི་མང་སྲིད་གཞུང་ཞེས་མི་མང་ལ་ཞབས་འདེགས་ཞུ་མཁན་དང་། གུང་ཁྲན་ཏང་ལ་ཆ་བཞག་ན་མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་ཞེས་ཤོད་ཀྱི་ཡོད། མི་མང་འདོད་པ་ཚིམ་གྱི་ཡོད་མེད་ནི་མང་གཙོའི་འོས་བསྡུ་བྱས་ནས་ཡོང་དགོས་པ་རེད། མང་གཙོའི་འོས་བསྡུ་བྱས་ཏེ་འོས་ཐོབ་ན་གཟི་བརྗིད་རེད། འོས་བསྡུ་མ་བྱས་པར་དྲག་པོའི་མཚོན་ཆའི་ཐོག་ནས་དབང་ཆ་བཟུང་བ་དེའི་དུས་ཚོད་ཡོལ་ཟིན་པ་རེད། དེར་བརྟེན་མི་གཅིག་གི་དབང་ཆ་བཟུང་རྒྱུ་ཟེར་བ་དེ་རྩ་བ་ནས་ཡག་པོ་མ་རེད། ངོས་ཀྱིས་འདིར་མཐར་ཐུག་ྋརྒྱལ་བ་རིན་པོ་ཆེས་དབང་ཆ་བཟུང་བ་ལྟ་བུ་བྱས་ན་རྩ་བ་ནས་ཡག་པོ་མ་རེད།

      ྋརྒྱལ་དབང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཞེས་པ་འདི་ྋརྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པ་བར་ལ་བྱུང་མེད། ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་རྐྱེན་མང་པོ་ཞིག་གི་འོག་སོག་པོ་གོ་ཤྲི་ཁང་གིས་རོགས་བྱས་ཏེ་བྱུང་བ་དང་། ཕན་ཐོགས་ཀྱང་བྱུང་ཡོད། ད་ཆ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད། འགྱུར་བ་སྔ་ཕྱི་མ་གཏོགས་གཏོང་དགོས་པ་ཡིན། མི་གཞན་ཞིག་གིས་གནོན་ཤུགས་སྤྲད་དེ་འགྱུར་བ་གཏོང་དགོས་བྱུང་ན་དེ་ནི་ྋརྒྱལ་དབང་སྐུ་ཕྲེང་གོང་མ་ཚོའི་མཚན་ཤས་ལ་འགྲོ་གི་རེད་སྙམ། ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་ནས་ྋརྒྱལ་དབང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་ཆགས་ཡོད། ངོས་རང་ྋརྒྱལ་དབང་གི་སྐྱེ་ཕྲེང་བཅུ་བཞི་པ་ཆགས་ཡོད། དེར་བརྟེན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་དང་དུ་བླངས་པ་དང། དགའ་བཞིན་སྤྲོ་བཞིན་དུ་སྤོབས་པ་ལྡན་པའི་ཐོག་ནས་ྋརྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པ་འདི་ཕྱིར་བསྡུ་བྱས་ན་ཤིན་ཏུ་འོས་པོ་ཡོད། དེ་ནི་མི་གཞན་སུ་ཞིག་གིས་བྱེད་ཐུབ་པ་ཞིག་མིན། དེ་ནི་ངོས་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་ཡིན་པ་ལྟར་ངོས་ནས་ཐག་བཅད་པ་ཡིན། བོད་ཀྱི་ཆབ་སྲིད་ཀྱི་ལས་འགན་མང་གཙོའི་ཐོག་ནས་འོས་བསྡུ་བྱས་པའི་འགོ་ཁྲིད་ཀྱིས་འགན་དབང་ཆ་ཚང་ཁྱེར་ནས་བྱེད་རྒྱུ་ལས། ངོས་ཀྱིས་འདིར་ཡིག་ཆའི་ནང་ྋརྒྱལ་བ་རིན་པོ་ཆེ་མུ་མཐུད་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པའི་རྣམ་པ་དེ་བསྡད་ན་མཇུག་མ་ཞིག་ལྷག་པ་ལྟ་བུ་ཆགས་ཀྱི་འདུག དེ་ལ་ངེས་པར་བསྒྱུར་བཅོས་གཏོང་དགོས་པ་དང། ད་ཆ་བསྒྱུར་བཅོས་གཏོང་བའི་དུས་ལ་སླེབས་པ་ལྟ་བུ་འདུག

     ཡང་ངོས་ཀྱིས་འབོར་ཤོབ་ཕྲན་བུ་བཤད་ན་ད་ལྟ་བར་ྋརྒྱལ་བ་རིན་པོ་ཆེས་བྱས་རྗེས་གང་ཙམ་བཞག་ཡོད། གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང། བཙན་བྱོལ་བོད་མི་ཚོས་ཀྱང་ཡིད་ཆེས་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་ཏཱ་ལའི་བླ་མ་ཞེས་བརྗོད་དུས་ཡིད་ཆེས་དང་ཆ་འཇོག་བྱེད་ས་ཞིག་ལ་བལྟས་ནས་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད། དེ་འདྲའི་ྋརྒྱལ་དབང་གི་དུས་ཚོད་དེ་ྋརྒྱལ་བ་ལྔ་པའི་སྐབས་གསར་དུ་བྱུང་བ་དེ་ཕར་ཕུད་ྋརྒྱལ་དབང་གོང་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་། གསུམ་པ་བསོད་ནམས་རྒྱ་མཚོ་གཉིས་ཆོས་ཕྱོགས་ཀྱི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་ཅིང་། ྋརྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་ལ་རིས་མེད་པའི་ྋརྒྱལ་བ་ཞྭ་སེར་མོ་བ་ཞེས་དེ་འདྲའི་མཚན་ཐོགས་ཡོད། ྋརྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་འབྲས་སྤུངས་པ་ཡིན་ནའང་རིས་མེད་གནང་མཁན་ཞིག་ཆགས་ཡོད། ཁོང་རྣམ་པ་བཞིན་ངོས་ཀྱིས་ཀྱང་ཚེ་སྨད་འདིར་ཆོས་ཕྱོགས་ཀྱི་འགན་མུ་མཐུད་འཁྱེར་རྒྱུ་ཡིན། ངོས་རང་སྒེར་གྱི་ངོས་ནས་འཛམ་གླིང་འདིའི་སྟེང་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་འདིས་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་གི་ཡོད་པ་འདི་དང་། ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་རྒྱུའི་ལས་ཀ་བྱེད་ཀྱི་ཡོད་པ་དེའི་ཐད་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་གི་འདུག དེང་སང་སློབ་གྲྭ་ཆེན་མོ་མང་པོ་ཞིག་གིས་ཁོང་ཚོའི་སློབ་གྲྭར་ཡོང་རོགས་ཞེས་འབོད་སྐུལ་བྱེད་མཁན་མང་པོ་ཡོང་གི་འདུག དེ་ནི་ཁོང་ཚོས་ང་ཆོས་བཤད་དུ་ཡོང་རོགས་ཞེས་བརྗོད་ཀྱི་མེད། ངོས་ཀྱིས་མིའི་སེམས་ནང་ཇི་ལྟར་བྱས་ཏེ་བདེ་སྐྱིད་ཡོང་ཐབས་བྱེད་དགོས་པའི་སྐོར་བཤད་པ་ལས་ནང་པའི་ཆོས་ཤོད་ཀྱི་མེད། ཡང་ནང་པའི་ཆོས་ནས་བཤད་པའི་ནང་པའི་ཚན་རིག་གི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དེར་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་མི་མང་པོས་དགའ་མོས་བྱེད་པའི་སྐབས་འདིར་ཏཱ་ལའི་བླ་མ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ཟེར་བ་དེ་མཚམས་བཞག་ན། ང་ཚོ་ནམ་རྒྱུན་ཚོགས་འདུ་ཚོགས་ཏེ་ཚོགས་འདུ་གྲོལ་བའི་སྐབས་སུ་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་བ་ཡིན་ཟེར་བ་བཞིན། ྋརྒྱལ་དབང་ལྔ་པ་ནས་བཟུང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ནས་མི་ལོ་བཞི་བརྒྱར་ཉེ་བ་ཕྱིན་པ་དེ་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱེད་རྒྱུ་བྱུང་ན་གཟི་བརྗིད་རེད། ངོས་ཀྱི་བསམ་ཚུལ་འདི་ཡིན། དེ་ནི་ངོས་ཀྱིས་ཐག་བཅད་ཐུབ་པ་ལས་གཞན་སུ་ཞིག་གིས་ཀྱང་ཐག་གཅོད་ཐུབ་ཀྱི་མ་རེད། ཐག་གཅོད་ཐུབ་མཁན་དེས་ྋརྒྱལ་དབང་ལྔ་པ་ཆེན་པོས་དབུ་བཙུགས་པ་དེ་ྋརྒྱལ་དབང་གི་སྐྱེ་ཕྲེང་ཞིག་གིས་ཐག་བཅད་པ་ཡིན། དེ་ལ་འགྱུར་བ་འགྲོ་རྒྱུ་དང་ཤོད་རྒྱུ་གང་ཡང་བསྡད་མེད། ངོས་ནས་དེ་གཅིག་ཤོད་འདོད་བྱུང་།

     དེ་རིང་ཁ་སང་བདུན་ཕྲག་གཅིག་གི་ནང་ངོས་ཀྱི་སྐོར་བོད་ནས་ཁ་པར་གཏོང་མཁན་བྱུང་། ྋརྒྱལ་བ་རིན་པོ་ཆེ་རྒས་ཡོལ་གནང་གི་ཡོད་པ་རེད། ད་ང་ཚོ་བོད་པ་ཚོ་དཔའ་བོ་རྒྱབ་ཆད་ལྟ་བུ་ཆགས་སོང་ཞེས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག་ཅེས་ཐོས་བྱུང་། དེ་འདྲ་བྱེད་དགོས་དོན་རྩ་བ་ནས་མེད། ངོས་ཀྱིས་འདིར་རྒས་ཡོལ་བྱས་ནས། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བར་དུ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ལས་ཆབ་སྲིད་ཀྱི་འགན་མེད་ཅིང་། དགའ་ལྡན་ཕོ་བྲང་ནི་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ནས་ཚུགས་པ་དང་། ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པར་ཆོས་ཕྱོགས་ཁོ་ནའི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད། ངོས་ནས་ཀྱང་དེ་བཞིན་ཚེ་སྨད་ཆོས་ཕྱོགས་ཀྱི་ཐོག་ནས་སྤྱི་མོས་ཡོད་པའི་འགོ་ཁྲིད་ཅིག་བྱས་ཏེ་ངོས་ཀྱིས་ཞབས་འདྲེན་ཞུས་མི་ཡོང་། དེ་ལྟར་ངོས་ཀྱིས་ཞབས་འདྲེན་མ་ཞུས་པར་ཧུར་ཐག་འབད་ཐག་བྱས་ནས་བསྡད་ན་སྤྱི་མོས་དེ་ཕལ་ཆེར་མུ་མཐུད་གནས་ཀྱི་རེད། དེར་བརྟེན་སྤྱི་མོས་ཡོད་པའི་ྋརྒྱལ་དབང་གཅིག་གིས་ཆབ་སྲིད་ཀྱི་ལས་ཀ་བཞག་སྟེ་ཆོས་ཕྱོགས་ཐོག་ཕྱིན་ན། དེ་ནི་དངོས་གནས་བྱས་ན་ང་ཚོའི་འདིར་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡོད་པ་དེ་སྲ་བརྟན་གོང་འཕེལ་དང་ཡག་ཏུ་འགྲོ་རྒྱུ་དང་། འཛམ་གླིང་ཐོག་གི་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱིས་མཐའ་བསྐྱལ་ཏེ་མང་གཙོ་མཚན་ཉིད་ཚང་བའི་ཐོག་ཕྱིན་སོང་། ཞེས་འཛམ་བུ་གླིང་འདིའི་ཐོག་ཆ་འཇོག་ཆེ་རུ་འགྲོ་རྒྱུ་ཡིན། ཕར་ཕྱོགས་རྒྱ་དམར་གཞུང་ནས་བོད་ལ་དཀའ་ངལ་གང་ཡང་མེད། དཀའ་ངལ་ནི་ཏཱ་ལའི་བླ་མའི་དཀའ་ངལ་རེད་ཟེར་ཤོད་མུས་སུ་ཡོད། ང་ཚོས་འདིར་ལོ་མང་རིང་དཀའ་ལས་བརྒྱབ་པ་དེ་དག་ཏཱ་ལའི་བླ་མའི་ཐོབ་ཐང་སྐོར་ལ་ཐུག་ཡོད་པ་ལྟ༌བུ་ཤོད་པ་དེ་བརྒྱ་ཆ་བརྒྱ་རྫུན་མ་ཡིན་པ་ད་ལྟ་ངོས་ཀྱིས་ཐག་གཅོད་བྱས་པ་དེའི་ཐོག་ནས་འཛམ་གླིང་ཀུན་ལ་གསལ་པོ་ཆགས་ཡོད། དེར་བརྟེན་བོད་ནང་གི་བོད་མི་ཚོས་ྋརྒྱལ་བ་རིན་པོ་ཆེ་རྒས་ཡོལ་ལ་ཕེབས་པ་རེད་ཅེས་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་མེད། ཁྱེད་རང་ཚོ་ཡག་པོ་བྱས་ཏེ་བསམ་བློ་ཐོངས་དང་། སྤྱི་བྱེ་བྲག་གང་གི་ཆ་ནས་ཡིན་ནའང་ད་རེས་ཀྱི་ཐག་གཅོད་འདི་རླབས་ཆེན་གྱི་ཐག་གཅོད་ཅིག་ཡིན། ཕུགས་རྒྱང་རིང་པོའི་ཆ་ནས་བོད་སྤྱིའི་བསྟན་སྲིད་ལ་ཕན་རྒྱུ་ཡིན་པ་ཤེས་སོང་ངམ། བོད་རྒྱ་ཆེའི་མི་མང་ལ་ཆ་བཞག་ན་ང་ཚོ་འདིར་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡོད་པ་འདི་བརྟན་དུ་དང་། མདུན་ནས་མདུན་དུ་བསྐྱོད་ཀྱི་ཡོད། ཕར་ཕྱོགས་རྒྱ་ནག་གུང་ཁྲན་གྱི་གཅིག་སྡུད་ལམ་ལུགས་དང་། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཀྱི་མང་གཙོའི་ལམ་ལུགས་གཉིས་བསྡུར་ན་ང་ཚོ་འདིར་དེང་རབས་ཅན་དུ་བསྒྱུར་རྒྱུ་ཆ་ཚང་བ་བྱུང་ཡོད། དེ་ནི་ང་ཚོའི་གཟི་བརྗིད་དང་། བོད་ནང་གི་རྒྱ་ཆེའི་མི་མང་ཚོ་ཡིན་ནའང་སྤོབས་པ་བྱེད་ཆོག་པའི་གནས་ཚུལ་ཞིག་ཡིན་པ་འདི་ཁྱེད་རང་ཚོས་ཤེས་པ་བྱེད་དགོས། ངོས་རང་སེམས་ཤུགས་ཆག་པའམ་བོད་སྤྱི་པའི་དོན་བློས་བཏང་བ་ལྟ་བུ་རྩ་བ་ཉིད་ནས་མིན། ངོས་རང་བོད་གངས་ཅན་པའི་ཡུལ་མི་ཞིག་ཡིན། བོད་གངས་ཅན་པ་ས་ཡ་དྲུག་གི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བོད་སྤྱི་པའི་དོན་དག་གི་འགན་འཁྲིས་ཡོད། ངོས་ལ་ཆ་བཞག་ནའང་བོད་མི་སྤྱི་བོ་གནམ་བསྟན་གྱི་གྲས་ཤིག་སྟེ། མདོ་སྨད་ཨ་མདོའི་ཡུལ་ནས་ཡོང་པའི་གངས་ཅན་བོད་མི་ཞིག་ཡིན། ངོས་རང་མ་འཆི་བར་ང་ལ་འགན་ཡོད་པ་ཡིན། ང་རང་ད་ལྟ་གཟུགས་པོ་བདེ་པོ་ཡོད་པའི་སྐབས་ལ་ཁྱེད་རང་ཚོས་འགན་ཆ་ཚང་འཁྱེར་དང་། དམིགས་བསལ་དཀའ་ངལ་འཕྲད་དེ་ངོས་ཀྱིས་མ་བྱས་ན་མི་འགྲིག་པ་ལྟ་བུ་བྱུང་ན་ངོས་རང་འདིར་ཡོད་བཞིན་པ་རེད། ངོས་ཀྱིས་བློས་བཏང་བ་མ་ཡིན་ལ། ངོས་རང་སེམས་ཤུགས་ཆག་སྟེ་བསྐྱུར་བའང་མིན། དགོས་པ་རྒྱུ་མཚན་ཆེན་པོ་མཐོང་ནས་ང་ཚོ་མང་གཙོའི་ཐོག་ལ་བསྐྱོད་དེ་འགན་ཆ་ཚང་འཁྱེར་རོགས་བྱེད་ཟེར་རྒྱུ་དེ་ཡིན། ཁྱེད་རང་ཚོ་བློ་གཡེང་རྩ་བ་ནས་བྱེད་མི་དགོས་ཤེས་སོང་ངམ ཁྱེད་རང་ཚོ་འདིར་དངོས་སུ་ཡོད་པ་དང་། དེ་བཞིན་བོད་གངས་ཅན་ལྗོངས་ལ་ཡོད་པ་ཚོ་བློ་གཡེང་རྩ་བ་ནས་བྱེད་མི་དགོས། ཚང་མ་བློ་བདེ་པོ་བྱེད་དགོས། གནས་ཚུལ་དེ་འདྲ་ཡིན།

ཁ་སང་རང་རྒྱ་མིའི་མཁས་པ་ཞིག་ཐུག་བྱུང་། ཁོང་རང་འདི་ཕྱོགས་ང་ཚོའི་འོས་བསྡུའི་སྐོར་ལ་ཉམས་ཞིབ་བྱེད་པར་ཡོང་བ་ཡིན། དེ་སྔོན་ཡང་ལོ་ལྔའི་གོང་ལ་ཡོང་སྟེ་ཞིབ་འཇུག་བྱས་པ་ཡིན། ད་རེས་ཀྱི་འོས་བསྡུའི་ཐོག་མི་མང་པོས་དངོས་གནས་བསམ་བློ་བཏང་སྟེ་སེམས་ཁུར་བླངས་ནས་མང་གཙོའི་ལས་འགན་སྒྲུབ་རྒྱུ་དང་། མང་གཙོའི་འཚོ་བར་དངོས་སུ་ལོངས་སྤྱོད་པ་བཅས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག དེ་ནི་ང་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཏུ་སོང་སྟེ་མདུན་ནས་མདུན་དུ་ཡར་རྒྱས་འགྲོ་གི་ཡོད་པའི་རྟགས་མཚན་ཡིན། དེ་རིང་ངོས་ཀྱིས་ཐག་གཅོད་བྱས་པ་དེ་ཡང་མདུན་ནས་མདུན་དུ་ཡར་རྒྱས་འགྲོ་བའི་ཆ་རྐྱེན་ཞིག་ཡིན་པ་ལས་སེམས་ཤུགས་ཆག་རྐྱེན་ཞིག་རྩ་བ་ནས་མིན། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས། ཤེས་སོང་ངམ། ཁྱེད་རང་ཚོ་བོད་ལ་ཕྱིར་ལོག་རྗེས་བློས་འཁེལ་བ་ཚོར་བཤད་ས་ཡོད་ན་བཤད། གཅིག་བྱས་ན་དེ་རིང་རླུང་འཕྲིན་ནང་གཏོང་མདོག་ཁ་པོ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་ྋརྒྱལ་བ་རིན་པོ་ཆེ་རྒས་ཡོལ་བྱས་པ་འདི་གནས་སྐབས་དང་མཐར་ཐུག་གི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་ལོ་ནས་ལོ་སྦྲེལ་ཏེ་བསམ་བློ་བཏང་ནས་ཐག་བཅད་པ་ཡིན། དེས་བོད་ཀྱི་བསྟན་སྲིད་སྤྱི་ལ་ཡུན་རིང་པོའི་ཆ་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པས་བློ་གཡེང་རྩ་བ་ནས་བྱེད་མི་དགོས། ཡང་དགའ་ལྡན་ཕོ་བྲང་ཞེས་པ་བསྡུ་གསོག་རྒྱག་རྒྱུ་མ་རེད། དགའ་ལྡན་ཕོ་བྲང་ནི་ངོས་ཀྱི་བླ་བྲང་ཆགས་ཡོད། ངོས་བསྡད་པའི་རིང་ལ་བླ་བྲང་ཆུང་ཆུང་ཞིག་དགོས་པ་ཡིན། དེ་འདྲ་ཡིན་དུས་དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་བཞག་པ་མ་གཏོགས། དགའ་ལྡན་ཕོ་བྲང་གནས་ཡོད། ད་དུང་ད་ལྟ་བྲེལ་བ་གང་ཡང་མི་འདུག ལོ་ཉི་ཤུ་སུམ་ཅུའི་རྗེས་ངོས་ཀྱི་མི་ཚེའི་མཐར་སླེབས་ན་དེའི་ཚེ་དེའི་དུས་ལ་བོད་པ་གཙོ་བོར་གྱུར་པའི་ྋརྒྱལ་དབང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གྱི་ནང་པའི་ཡུལ་གྲུ་ཁག་ཚོས་ྋརྒྱལ་དབང་མུ་མཐུད་དགོས་པ་བརྗོད་ན་དགའ་ལྡན་ཕོ་བྲང་གནས་ཡོད་པས། མུ་མཐུད་སྐུ་ཕྲེང་བཅོ་ལྔ་པ་དང་། བཅུ་དྲུག་པ། བཅུ་བདུན་པ་ཞེས་ཡོང་ཐུབ་པ་ཡིན། ཤེས་སོང་ངམ། ཧ་ཅང་བརྟན་པོ་ཆགས་ཡོད། ཆབ་སྲིད་ལ་འཕོ་འགྱུར་ཡོང་གི་རེད། དགའ་ལྡན་ཕོ་བྲང་ནི་ྋརྒྱལ་དབང་སྐུ་ཕྲེང་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སྐབས་ལྟར་ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་གནང་ན་ཧ་ཅང་དགེ་མཚན་ཡོད། མ་འོངས་པར་ཕུགས་རྒྱང་རིང་པོའི་ཆ་ནས་བསམ་བློ་བཏང་ན་དེ་འདྲའི་དགེ་མཚན་ཆེན་པོ་ཡོད། ཁ་སང་སྤྱི་འཐུས་ལ་སྤྲད་པའི་ཡི་གེའི་ནང་དགའ་ལྡན་ཕོ་བྲང་གི་གཞུང་ཟེར་བའི་ཚིག་དེ་བསྒྱུར་བཅོས་གཏོང་རྒྱུ་ཆགས་ཀྱི་རེད་ཟེར་བ་དེ་དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་དགོས་པའི་སྐད་ཆ་མིན། དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། འོན་ཀྱང་ཆབ་སྲིད་ཀྱི་དབང་ཆའི་འགན་དབང་ཁྱེར་བའི་དགའ་ལྡན་ཕོ་བྲང་གི་གཞུང་ངམ། སྒྲིག་འཛུགས་ཞེས་བརྗོད་པ་དེ་མི་འགྲིགས་པས་བསྡུ་གསོག་བརྒྱབ་སྟེ། ད་ཆ་ང་ཚོ་མང་གཙོའི་གཞུང་ཆགས་ཡོད།  ཅེས་བཀའ་སློབ་ཟབ་མོ་སྩལ།། །། (ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ བོད་ཟླ་ ༡ ཚེས་ ༡༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐྱེས་རབས་གསུང་ཆོས་སྐབས་སྩལ་བའི་བཀའ་སློབ།)

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php