ཕྱི་གླིང་བོད་མི་ཚོར་བཀའ་སློབ་ཟབ་རྒྱས་གནང་བ།


༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མིན་ནི་སོ་ཊའི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་དང་ལས་རིགས་གསོ་ཐབས་ཚན་ཁག་དང་མིན་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་མིན་ནི་སོ་ཊ་རུ་བོད་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་ཚོས་རང་གི་ལུང་པར་བཙན་གནོན་དང་མནར་གཅོད་ཀྱིས་སྡུག་བསྔལ་དེ་དག་ལ་མ་བཟོད་པ་དང་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྐྱིད་སླར་གསོ་ཡོང་ཆེད་ང་ཚོ་བཙན་བྱོལ་དུ་འབྱོར་བ་རེད། ང་ཚོ་འདི་གར་རང་མགོ་གང་ཐོན་བྱས་ནས་ཡོང་བ་ཞིག་མིན། ང་ཚོས་ལས་འགན་ཞིག་བསྒྲུབ་རྒྱུའི་དམིགས་ཡུལ་བཞག་སྟེ་ཡོང་བ་ཞིག་རེད། དེར་བརྟེན་བོད་མི་རྒྱ་གར་ནང་གཙོ་བོར་གྱུར་བའི་ས་ཁུལ་གང་དང་གང་དུ་ཡོད་ཀྱང་ང་ཚོ་བོད་མི་ཚང་མར་བོད་སྤྱི་པའི་དོན་དག་ལ་སེམས་ཁུར་ལེན་རྒྱུའི་ལས་འགན་དེ་མ་འཆི་བར་དུ་འགན་འཁྲི་ཡོད། མི་རབས་རྒན་པ་དེ་དག་ག་ལེར་ག་ལེར་རྫོགས་འགྲོ་གི་ཡོད་ཀྱང་ཁྱེད་རང་ཚོ་མི་རབས་གཞོན་པ་རྣམས་ད་ལྟ་གཞས་ཚིག་ནང་ཡོད་པ་ལྟར་ཁྱེད་རང་ཚོས་མཇུག་མཐུད་ནས་ཡོང་གི་ཡོད་པ་རེད་ལ་ངེས་པར་དུ་མཐུད་དགོས་པ་ཞིག་ཡིན། དེ་བཞིན་ང་ཚོ་བོད་མིའི་སྒྲིག་འཛུགས་གཙོ་བོ་དེ་རྒྱ་གར་ནང་ཡོད། དེ་དག་ལའང་ང་ཚོ་སྤྱི་པའི་འགྲོ་སོང་གཏོང་རྒྱུ་ཞིག་དགོས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ང་ཚོ་སྤྱི་པའི་དཔྱ་ཁྲལ་དངུལ་འབབ་སྤྲོད་རྒྱུ་དེ་དག་ཁྱེད་རང་ཚོས་ད་བར་དུ་ཧུར་ཐག་བྱས་འདུག་ལ་ད་དུང་ཡང་ཡིག་ཐོག་ལ་བཀོད་པ་བཞིན་ཧུར་ཐག་བྱེད་དགོས། ཞེས་དང་།
ཡང་༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་བཀའ་སློབ་ཕེབས་དོན།   བོད་རང་ཉིད་ལ་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་དེར་ཁྱད་གསོད་དང་སྒོ་གང་ས་ནས་དམ་བསྒྲགས་བྱས་ཏེ། དེ་འདྲའི་རྐྱེན་པས་ནད་མ་ཁྱོགས་པའི་གནས་ཚུལ་ཞིག་ཡོང་བཞིན་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོང་མཁན་ཚོ་ཡིན་ཡང་སོ་སོའི་ཆོས་དང་རིག་གཞུང་དེ་དག་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག བོད་ནང་ལ་བོད་མིའི་ཆོས་དང་རིག་གཞུང་སྤོབས་པ་བྱེད་འོས་པ་དེ་དག་དེང་སྐབས་ཉམས་ཆག་འགྲོ་གི་འདུག་ཅེས་ནད་མ་ཁྱོགས་པར་བྱེད་སྐབས། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་བོད་ནང་ལ་རང་སྲོག་བློས་གཏོང་གིས་འཐབ་རྩོད་བྱེད་རྒྱུའི་བོད་མིའི་ཆོས་དང་རིག་གཞུང་དེ་དག་ང་ཚོ་རང་དབང་ལུང་པའི་ནང་ལྷོད་གཡེང་བྱས་ཏེ་ལུས་ན་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་པ་དེ་མི་ཚེ་གཅིག་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་དོན་དུ་ཤོད་ཀྱི་ཡོད་པ་རེད་མ་གཏོགས་མི་ཚེ་དང་འབྲེལ་བ་མེད་པར་ཉིན་མཚན་འདོན་པ་བཏོན་སྡོད་རྒྱུའི་སྐད་ཆ་ཞིག་མིན། དེར་བརྟེན་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་དེ་དག་ཤེས་ན། སོ་སོའི་མི་ཚེར་བསམ་བློར་གཏོང་རྒྱུར་ཏན་ཏན་བསམ་བློ་གུ་ཡངས་སུ་འགྲོ་རྒྱུ་དང་བསམ་བློར་སྙིང་སྟོབས་འཕེལ་རྒྱུ། དེ་བཞིན་དཀའ་ངལ་ག་རེ་བྱུང་ཡང་གདོང་ལེན་བྱེད་ཐུབ་རྒྱུ། རྐྱེན་ངན་བྱུང་ན་རྐྱེན་ངན་གྲོགས་སུ་འགྱུར་པ་བྱེད་ཐུབ་རྒྱུ་ཞིག་ཡོང་གི་རེད། སྤྱིར་བཏང་མི་གཅིག་ལ་དཀའ་ངལ་འཕྲད་སྐབས་སྲོག་རླུང་འཕར་ཏེ་རྒྱག་རེས་བརྒྱབ། རང་ཤི་རྒྱག་རྒྱུ་ལྟ་བུའི་གནས་སྟངས་འོག དེ་བཞིན་རྐྱེན་ངན་བྱུང་སྐབས་སྙིང་སྟོབས་གོང་ནས་གོང་དུ་འཕེལ་རྒྱུ་དང་། དཀའ་ངལ་གཡང་དུ་བླངས་པ་དང་གྲོགས་སུ་བསྒྱུར་རྒྱུ་དེ་འདྲ་བྱེད་ཐུབ་རྒྱུ་ཡོད། དེ་སོ་སོ་མི་ཚེ་སྒེར་གྱི་ངོས་ནས་ཆ་བཞག་ནའང་ཕན་གྱི་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ཅེས་པ་དེ་སོ་སོ་སྒེར་གྱི་མི་ཚེར་འབྲེལ་བ་མེད་མཁན་ཞིག་ཡིན་ན་གནས་ཚུལ་ཁག་ཁག་ཡིན། དེ་མིན། སོ་སོ་སྒེར་གྱི་མི་ཚེ་སྐྱེལ་རྒྱུར་ཡང་བོད་ཀྱི་ཆོས་དང་རིག་གཞུང་གིས་ཕན་གྱི་འདུག དེང་སང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་སྔར་བོད་ཀྱི་སངས་རྒྱས་ཀྱི་ཆོས་གོ་མ་མྱོང་ཐོས་མ་མྱོང་བའི་ས་ཆའི་ནང་ནས་དོ་སྣང་བྱེད་བཞིན་འདུག མདོར་ན། ཚན་རིག་པའི་ནང་ལའང་ཆ་བཞག་ན། སྤྱིར་བཏང་ཡིན་ན། འདས་པའི་ལོ་བརྒྱ་ཕྲག་རིང་ལ་ཚན་རིག་པའི་རིག་པ་གསར་པ་སླེབས་ནས་ཡོང་སྐབས། སྤྱིར་བཏང་ཚན་རིག་པ་ཚོ་ཡིན་ན། ཆོས་ཞེས་བརྗོད་དུས་འགྲེལ་བཤད་རྒྱག་རྒྱུ་མེད་པ་ཕྲན་བུ་རྒྱང་རིང་ཙམ་བྱས་ནས་འཇོག་གི་འདུག  བར་སྐབས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱུང་རྗེས། དེ་རིང་ཁ་སང་ཚན་རིག་པ་དངོས་གནས་དྲང་གནས་ཤེས་ཚད་ཡོད་པ་དང་བློ་གཟུ་བོར་གནས་པའི་ཐོག་ནས་ཉམས་ཞིབ་བྱེད་ཐུབ་མཁན་དེ་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་ཞེས་བརྗོད་དུས། ལྷག་པར་བོད་ཀྱི་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་སྐབས་དམིགས་བསལ་ཞིག་ལ་བརྩིས་ཏེ་ཧ་ཅང་འབྲེལ་བ་བྱེད་ཀྱི་འདུག དེ་ཐག་རིང་པོར་འཇོག་གི་མི་འདུག དེ་གཟི་བརྗིད་རེད། དེར་བརྟེན་སོ་སོའི་ཆོས་དང་རིག་གཞུང་དེ་བདག་པོ་བརྒྱབ་ན་རྒྱག་རིན་ཡོད་པ་དང་རིན་ཐང་ཡོད་པ་ཞིག་ཆགས་ཡོད་སྟབས། བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། སྤྱིའི་སྒེར་གཉིས་ཀྱི་ཆ་ནས་བསམ་བློ་བཏང་ཡང་གལ་ཆེན་པོ་རེད། བཀའ་འགྱུར་བསྟན་འགྱུར་པོད་ ༣༠༠ ལྷག་ཙམ་ཡོད་པ་དེ་དག་བརྗོད་བྱ་སོ་སོར་སྡེ་ཚན་ཕྱེ་ན། ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག དེ་ནས་ཆོས་རང་གི་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ཡོད། ལོ་སྔོན་མ་ནས་ང་ཚོས་ལས་ཀ་ཞིག་འགོ་འཛུགས་བྱས་དང་བྱེད་བཞིན་ཡོད། བཀའ་འགྱུར་བསྟན་འགྱུར་དེ་དག་གི་ནང་ནས་བརྗོད་བྱ་དོན་ཚན་གསུམ་དུ་ཕྱེ་ནས། ཚན་རིག་དང་ལྟ་གྲུབ། ནང་ཆོས། དུམ་བུ་གསུམ་དུ་ཕྱེ་སྟེ། དེ་ལྟར་དབྱེ་བ་ཕྱེ་དགོས་པའི་རྒྱུ་མཚན་ཡང་ནང་ཆོས་དེ་ནང་པ་ཚོའི་དོན་དག་རེད། ནང་པ་མིན་མཁན་ཚོར་འབྲེལ་བ་གང་ཡང་མེད། ནང་ཆོས་ཀྱི་གཞུང་ནས་གསུངས་པའི་ལྟ་གྲུབ་དང་ཚན་རིག་དེ་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་ཞིག་ཆགས་ཡོད་པ་མ་ཟད། དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ང་ཚོས་ད་ལྟ་བར་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ཡོང་སྐབས་གཙོ་བོ་དེ་ནང་ཆོས་ནས་གསུངས་པའི་ཚན་རིག་ཕྱིའི་དངོས་ཁམས་རིག་པ། དེང་རབས་ཀྱི་ཚན་རིག་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། དེ་དང་དེ་འདྲ་བའི་སྡེ་ཚན་མང་པོ་ཞིག་གི་ནང་ལ་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། ནང་སེམས་ཁམས་རིག་པའི་སྐོར་ལ་དེང་རབས་ཀྱི་ཚན་རིག་པ་ད་ལྟའི་ཆར་གསར་པ་རེད་འདུག ཚད་ཧ་ཅང་དམའ་པོ་རེད། སྤྱིར་རྒྱ་གར་ནང་ནང་ཆོས་ཀྱི་གཞུང་ནས་གསུངས་པའི་ནང་སེམས་ཀྱི་ཚན་རིག་སྐོར་ལ་ཧ་ཅང་རྒྱ་ཆེན་པོ་འདུག དེར་བརྟེན་ཚན་རིག་པ་ཚོས་གཞི་ནས་ནང་ཆོས་ཀྱི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་སྐོར་དེ་དག་ལ་སློབ་སྦྱོང་བྱས་ཏེ། དེ་དག་ནང་ནས་ལེགས་བཤད་བླངས་ཏེ་དོ་སྣང་བྱེད་བཞིན་འདུག
དེ་དང་ཆབས་ཅིག་ནང་ཆོས་ཀྱི་ལྟ་གྲུབ་ནང་ལའང་དོ་སྣང་བྱེད་བཞིན་འདུག དེ་དག་གང་ལྟར་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཞིག་ཆགས་ཡོད། ད་བར་དུ་བཀའ་འགྱུར་བསྟན་འགྱུར་ཆེད་མངགས་སྦྱང་ན་མ་གཏོགས་དངོས་གསལ་མེད་པ་ལྟ་བུ་གནས་ཡོད། དེ་ཟུར་དུ་སྡེ་ཚན་ཕྱེ་ནས་བཟོ་གི་ཡིན་ན། དབྱིན་ཇི་དང་རྒྱ་ཡིག་ནང་དུ་བསྒྱུར་རྒྱུ་ལ་སོགས་པའི་སྐད་ཡིག་གཞན་དག་ནང་དུ་བསྒྱུར་རྒྱུ་རིམ་པས་ཡོང་གི་རེད་ལ་དེ་བྱུང་ན་གཙུག་ལག་སློབ་གྲྭ་མང་པོའི་ནང་ལ་ཏན་ཏན་ཉམས་ཞིབ་བྱེད་མཁན་ཚོར་ཕན་གྱི་རེད། སྤྱིར་བཏང་དངོས་ཡོད་གནས་ཚུལ་ལ་ལྟ་གྲུབ་འདྲ་མིན་གྱིས་འགྲེལ་བཤད་རྒྱག་རྒྱུར་མིའི་རྣམ་དཔྱོད་འཕེལ་རྒྱུར་ཧ་ཅང་ཁྱད་པར་ཡོད། དེར་བརྟེན་ག་ལེར་ག་ལེར་བོད་ཀྱི་ནང་ཆོས་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་དེས་འཛམ་གླིང་སྤྱིའི་ཤེས་ཚད་གོང་དུ་སྤེལ་རྒྱུར་ཕྲན་བུའི་ཕན་ཐོགས་བྱེད་ཐུབ་ཀྱི་རེད་བསམ་བཞིན་ཡོད། དེ་དང་ཆབས་ཅིག་ཚད་མའི་གཞུང་དང་འབྲེལ་ནས་རིགས་ལམ་ཐོག་ནས་གཏན་ལ་འབེབས་སྟངས་དེ་དག་བོད་སྐད་ཁོ་ན་མ་གཏོགས་ཐ་ན་སོག་སྐད་ནང་ལ་ཡང་མི་འདུག སོག་པོར་ཆ་བཞག་ན་འདས་པའི་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱས་ནས་སོག་པོའི་ནང་བོད་ཀྱི་ནང་ཆོས་ལ་མཁས་པ་བརྒྱ་ཕྲག་མང་པོ་བྱུང་ཡོད། ལེགས་བཤད་དང་བསྟན་བཅོས་བརྩམས་ཡོད་པར་བཞག་ནའང་བརྒྱ་ཕྲག་ཡོད། ཧ་ལས་པའི་ལེགས་བཤད་དེ་འདྲ་ཡོད། ཉེ་ཆར་ངོས་ཀྱིས་སོག་པོ་ཁག་གཅིག་ལ་དམིགས་བསལ་སྐད་ཆ་དྲིས་པ་ཡིན། ཁྱེད་རང་ཚོའི་སོག་སྐད་ནང་དུ་རྟགས་གསལ་གཏོང་རྒྱུ་དེ་ཡོད་དམ། ཅེས་དྲིས་པར་ཡོད་པ་མ་རེད་ཅེས་བརྗོད་བྱུང་། དེར་བརྟེན་རྟགས་གསལ་གཏོང་རྒྱུ་དེ་བོད་སྐད་རྐྱང་པའི་ཐོག་ཡོད་པ་མ་གཏོགས་སོག་སྐད་དང་དབྱིན་སྐད། ཧིན་སྐད། རྒྱ་སྐད་བཅས་ཀྱི་ནང་དུ་མི་འདུག དེ་དག་ལ་ང་ཚོས་ཞིབ་ཚགས་བསམ་བློ་བཏང་ན། ང་ཚོའི་བོད་ཀྱི་མེས་པོ་གོང་མ་དེ་དག་ཧ་ལས་པའི་རྣམ་དཔྱོད་དང་རིག་རྩལ་ཆེན་པོ་རེད་འདུག བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་དགོས་བརྗོད་སྐབས་དེ་དག་ལ་སློབ་སྦྱོང་བྱས་ཏེ་ཤེས་པ་བྱེད་དགོས། རྣམ་དཔྱོད་ཆེ་བ་དེ་དག་གིས་དེ་ལ་དཔག་པ་ཞིག་ཤེས་ཀྱི་རེད། རྣམ་དཔྱོད་དེ་ཙམ་མེད་ན་དེ་ལ་དཔག་པ་ཞིག་གང་ལྟར་སློབ་སྦྱོང་བྱས་ནས་ཤེས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བར་སྐབས་ངོས་རང་གར་ཞྭ་དང་ཁུ་ནུ་ཁུལ་དུ་བསྐྱོད་སྐབས་རྒྱ་གར་ནང་གི་ནང་པའི་ཚོགས་པ་དེ་འདྲའི་ཁྲོད་འགྲོ་སྐབས། ཁོང་ཚོས་ནང་པའི་སྐྱབས་འགྲོ་འདོན་རྒྱུ་དེ་འདྲ་ཡོང་གི་འདུག ངོས་ཀྱིས་སྐད་ཆ་དྲི་གི་ཡོད། སངས་རྒྱས་ལ་སྐྱབས་སུ་མཆི་བརྗོད་ཀྱི་འདུག་པར་སངས་རྒྱས་ཞེས་གང་འདྲ་ཞིག་ཡོད་དང་། ཆོས་ལ་སྐྱབས་སུ་མཆི་ཞེས་ཆོས་དེ་གང་རེད་དམ་ཞེས་དྲིས་སྐབས་ལན་རྒྱག་རྒྱུ་མི་འདུག ཁ་སྔོན་ངོས་རང་གར་ཞྭ་བསྐྱོད་པའི་སྐབས་དེར་ཡུལ་པ་ཁག་གཅིག་གིས་དགའ་སྤྲོའི་ངང་ནས་ངོས་རང་ཐུག་པར་བསླེབས་བྱུང་། ངོས་ཀྱིས་ཁོང་ཚོར་ཁྱེད་རང་ཚོ་ནང་པ་རེད་པ་བརྗོད་སྐབས་ནང་པ་ཡིན་བརྗོད་བྱུང་། ནང་པའི་ཆོས་ཞེས་པ་དེ་གང་རེད་དམ་བརྗོད་སྐབས་ནང་པའི་ཆོས་ཞེས་པ་དེ་སངས་རྒྱས་སྐྱབས་སུ་མཆི། ཆོས་ལ་སྐྱབས་སུ་མཆི། དགེ་འདུན་ལ་སྐྱབས་སུ་མཆི་ཞེས་པ་དེ་དག་ནང་པའི་ཆོས་རེད་ཅེས་བརྗོད་བྱུང་། དེ་འགྲིག་གི་འདུག འོ་ན་སངས་རྒྱས་དང་ཆོས་ཞེས་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་དམ། དེ་རྒྱུ་གང་ལ་བརྟེན་ནས་བྱུང་བ་རེད། ངོ་བོ་གང་རེད། ཁྱད་ཆོས་གང་འདྲ་ཡོད་དམ་ཞེས་དྲིས་སྐབས་ཤོད་རྒྱུ་གང་ཡང་མི་འདུག དེར་བརྟེན་ང་ཚོ་བོད་ཀྱི་ནང་ཆོས་བྱེད་མཁན་ཚོས་སློབ་སྦྱོང་ལ་དོ་སྣང་མ་བྱས་པའི་འབྲས་བུར་ནང་ཆོས་ཀྱི་གོ་རྟོགས་ཧ་ཅང་སྐྱོ་པོ་རེད་འདུག ལྟ་གྲུབ་སློབ་སྦྱོང་བྱེད་དགོས་པ་རེད་ཅེ་བརྗོད་ན། ཕྱོགས་གཅིག་ནས་གྲྭ་པ་ཡིན་དགོས་མཁན། གཉིས་ནས་བཤད་གྲྭ་ཁག་གི་གྲྭ་པ་ཡིན་དགོས་མཁན་དེ་དག་གིས་དཔེ་ཆ་པོད་ཏི་མང་པོ་ལྟ་རྒྱུའི་ལུགས་སྲོལ་ཡོད་པ་མ་གཏོགས་གཞན་སྤྱིར་བཏང་དཔེ་ཆ་ལྟ་དགོས་ཀྱི་མེད་པ་དང་སློབ་སྦྱོང་བྱེད་དགོས་ཀྱི་མེད་པ་ལྟ་བུ་བྱས་ནས་སྡོད་ཀྱི་འདུག དེ་ནོར་འཁྲུལ་རེད། དེར་བརྟེན་ང་ཚོའི་དེང་སྔའི་གོམས་གཤིས་ལ་ཆོས་བྱེད་བརྗོད་པ་མ་གཏོགས་ཆོས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བྱེད་ཀྱི་མི་འདུག བླ་མ་གདན་འདྲེན་ཞུས་ནས་ཚེ་དབང་སྐུར་རྒྱུ་དེ་འདྲ་ཞིག་གི་ཐོག་ནས་ཆོས་ཀྱི་བྱིན་རླབས་ཆ་ཚང་ཡོང་གི་ཡོད་པ་ལྟ་བུ་བྱེད་རྒྱུ་དེ་རྗེས་ལུས་དང་ནོར་འཁྲུལ་རེད། ཆོས་སོ་སོས་བྱེད་དགོས་པ་རེད། ཆོས་སོ་སོས་བྱེད་པར་སོ་སོར་རྒྱུ་ཆ་མེད་ན་ཆོས་གང་འདྲ་བྱེད་དགོས་རེད། རྒྱུ་ཆ་སོ་སོས་བཟོ་དགོས་པ་རེད། སློབ་སྦྱོང་བྱེད་དགོས། དེར་བརྟེན་འདི་གར་ཁྱེད་རང་ཚོས་བགྲོ་གླེང་བྱེད་རྒྱུ་དེ་འདྲ་བཙུགས་ཏེ་དོ་སྣང་བྱས་པ་དེ་ཧ་ཅང་ཡག་པོ་རེད། དེ་བཞིན་ནང་ཆོས་འགྲེལ་བཤད་སྐྱོན་མཁན་དེ་འདྲ་གདན་ཞུས་བྱས་པ་དེ་ཡང་ཧ་ཅང་ཡག་པོ་རེད། འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་གཅིག་བརྗོད་འདོད་བྱུང་ཞེས་བཀའ་སློབ་ཕེབས་ཡོད།
ཡང་༸གོང་ས་མཆོག་གིས་བོད་རིགས་གཅིག་གྱུར་ཡིན་པས་ཕན་ཚུན་རོགས་རམ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ཕེབས་དོན། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཕྲན་བུ་ཕྲན་བ་རྒྱག་རེས་ཤོར་རྒྱུ་ཞེས་པ་དེ་ཡོང་གི་རེད། འོན་ཀྱང་གཅིག་གིས་གཅིག་སེམས་ངན་བཅང་སྟེ་ཤོག་ཁ་ཤོག་སྒྲིལ་བྱེད་རྒྱུ་དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། ང་ཚོ་བོད་རིགས་གཅིག་གྱུར་ཡིན་པར་བརྟེན། ཚང་མ་མཐུན་པོ་བྱས་ཏེ་གཅིག་གིས་གཅིག་ལ་རོགས་པ་ཡག་པོ་བྱེད་དགོས། བོད་པའི་ཤོད་རྒྱུན་ལ་སྤྱི་རྟ་ཡིན་ན་སྒལ་རལ་ཞེས་པའི་དཔེ་ཞིག་ཡོད་པ་ལྟར། སོ་སོ་སྒེར་གྱི་རྟ་དེ་ཉར་ཚགས་ཡག་པོ་བྱས། སྤྱི་པའི་རྟ་སྒལ་པར་རྨ་བཟོས་ནས་རལ་པ་ཡོད་པ་དེར་དོ་སྣང་མི་བྱེད་པ་དེར་སྤྱི་རྟ་སྒལ་རལ་ཞེས་བརྗོད་ཀྱི་ཡོད། སོ་སོའི་ཁྱིམ་ཚང་ཚགས་ཚུད་བྱེད་དགོས་པ་རེད་ལ་སྤྱི་པའི་སྒྲིག་འཛུགས་ཚགས་ཚུད་ཡག་པོ་ཡོང་བ་བྱེད་དགོས་རྒྱུ་དེ་ཡང་གལ་ཆེན་པོ་རེད། ཅེས་དང་། དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་གི་གཞུང་འཛིན་སྐྱོང་གི་སྐུ་དབང་བོད་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་སྩལ་རྒྱུའི་ཐུགས་གཏན་འཁེལ་བའི་སྐོར་ལ་བཀའ་སློབ་སྩལ་དོན། བོད་ལ་རང་དབང་གི་ཐོབ་ཐང་གང་ཙམ་ཞིག་གི་ཐོག་ནས་བོད་དུ་ཕྱིར་ལོག་བྱེད་རྒྱུ་བྱུང་བའི་གནས་ཚུལ་ཆགས་རྗེས་༸རྒྱལ་བ་རིན་པོ་ཆེར་ཡོད་པའི་དབང་ཆ་དེ་དག་ས་གནས་གཞུང་ལ་སྤྲོད་རྒྱུ་ཡིན་ཞེས་དེ་དུས་ནས་གསལ་པོ་བཟོས་ཟིན་པ་ཡིན། དེ་ནས་ལོ་ཁ་ཤས་ཕྱིན་པ་རེད། དེ་འདྲ་བྱས་ནས་བལྟས་ཡོང་སྐབས་ད་ཆ་བཙན་བྱོལ་བོད་པ་རང་ཉིད་ཀྱི་ནང་ནས་མང་གཙོའི་ཐོག་ལ་དོ་སྣང་བྱེད་རྒྱུ་དང་འགན་ཁུར་ལེན་རྒྱུ་དེ་དག་ཧ་ཅང་ཡར་རྒྱས་ཕྱིན་ཡོད། དེར་བརྟེན་ད་ཆ་དུས་ལ་བབས་པ་ལྟ་བུ་མཐོང་བྱུང། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ལུགས་གཉིས་ཟུང་འབྲེལ་བྱས་ནས་གང་ལྟར་ལུགས་གཉིས་ཀྱི་དབུ་ཁྲིད་བྱེད་རྒྱུ་དེ་སྔར་ཡིན་ཡང་རྒྱལ་བ་སྐུ་ཕྲེང་དང་པོ་གཉིས་པ་ནས་ལུགས་གཉིས་ཀྱི་དབུ་ཁྲིད་གནང་མེད། རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པ་བར་ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་གནང་ནས་བཞུགས་པ་རེེད།༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་ཆགས་པ་རེད།  འགོ་དེ་འདྲ་བྱས་ནས་བཙུགས་པ་རེད། སྔ་ཕྱི་མ་གཏོགས་དེའི་མཇུག་བསྡུ་དགོས་རྒྱུ་ཞིག་ཡིན། རྐྱེན་ངན་ཞིག་གི་འོག་ནས་མཇུག་བསྡུ་བྱས་པ་ཡིན་ན་༸གོང་ས་སྐུ་གོང་མ་དེ་དག་གི་མཚོན་དོན་དགུང་འདེགས་ཡོང་རྒྱུའི་ཚབ་ལ་མཚན་ཤས་ཡོང་རྒྱུའི་ཉེན་ཁ་ཡོད། དེ་ལས་ད་ལྟ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན། ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད། བཙན་བྱོལ་སྒྲིག་འཛུགས་ནང་ཆ་བཞག་ནའང་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེ་འདྲ་ཞིག་གི་གནས་སྟངས་འོག་ནས་ལོ་བཞི་བརྒྱ་ཙམ་ཕྱིན་པའི་བླ་བྲང་རེད། ༸རྒྱལ་དབང་གི་བླ་བྲང་དེས་ལུགས་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་མཇུག་བསྡུ་བྱས་ན། རང་འགུལ་གྱིས་དང་དུ་བླངས་ཏེ་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ངང་ནས་མཇུག་བསྡུ་རྒྱུ་ཞིག་བྱུང་ན། ཕྱིན་ཆད་ལོ་རྒྱུས་ནང་ཡག་པོ་ཞིག་སྡོད་རྒྱུ་དང་ངོས་ཀྱིས་༸རྒྱལ་དབང་གོང་མ་ཚོའི་མཚན་གནས་དགུང་འདེགས་ཡོང་རྒྱུར་ཞབས་འདེགས་སུ་འགྲོ་གི་རེད་དྲན་བྱུང་། ཡང་གཉིས་ནས་ཡག་པོ་བསམ་བློ་ཐོངས་དང་། ངོས་ཀྱིས་འབོར་ཤོབ་བཤད་པ་ལྟ་བུ་ཆགས་ཀྱི་འདུག འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན། དེ་སྔའི་དགའ་ལྡན་ཕོ་བྲང་གི་གཞུང་ཚུགས་སྐབས་དབུས་གཙང་མངའ་རིས་སྐོར་གྱི་སྡེ་གཅིག་པུ་ལྟ་བུ་རེད། འབྱུང་ཁུངས་རྩིས་པ་ཡིན་ཡང་རི་བོ་དགེ་ལྡན་པའི་འབྲས་སྤུངས་ཀྱི་བླ་མ་ཞིག་ཆགས་ཏེ་དེ་འདྲ་བྱས་ནས་བྱུང་བ་རེད། ད་ལྟའི་དུས་ཚོད་འདིར་གཙོ་བོ་རྐྱེན་ངན་དབང་གིས་ངོས་ལ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་མང་པོ་ཞིག་གིས་སྤྱི་མོས་བྱས་ནས་ཡོང་གི་ཡོད་པ་མ་གཏོགས་གཞི་རྩའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལྟ་བུ་རྩིས་ན་དགའ་ལྡན་ཕོ་བྲང་ནི་དགེ་ལུགས་པའི་གཞུང་ཆགས་ཡོད། དབུས་གཙང་གི་གཞུང་ཆགས་ཡོད། ང་ཚོ་བོད་པའི་ཁ་རྒྱུན་ལ་བོད་སྡེ་པ་གཞུང་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་གངས་ཅན་ཡོངས་རྫོགས་ལ་ཁྱབ་ཀྱི་མི་འདུག རྩ་བའི་ཡོང་སྟངས་དེ་འདྲ་ཞིག་ཆགས་ཡོད། ཆོལ་ཁ་གསུམ་གྱི་མི་མང་ཡོངས་རྫོགས་དབྱེ་བ་མེད་པར་འོས་བསྡུ་བྱས་ནས་ཐོན་པ་དེས་ཆོལ་ཁ་ཚང་མའི་ཚབ་བྱེད་ཐུབ་ཀྱི་ཡོད་པར་བརྟེན་ཁྱད་པར་ཡོད། དེར་བརྟེན་གང་ཅིའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། དེར་ཧ་ཅང་དགེ་མཚན་མཐོང་གི་འདུག ཧོབ་སྟེ་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་ཡིན་ནའང་ཕྲན་བུ་བློ་ཕམ་དང་ཚོད་མ་ཐིག་པ་ལྟ་བུ་ཤུགས་ཆེན་པོ་ཞིག་བྱུང་བའི་བཟོ་འདུག ལྷག་པར་བོད་ནང་ཡིན་ཡང་གནས་ཚུལ་དེ་གོ་སྐབས་མང་པོ་ཞིག་མདོར་ན་རྒྱ་མིའི་ལས་བྱེད་མཐོ་པོ་ཡིན་པའི་བོད་རིགས་དེ་འདྲས་བློ་ཕམ་བྱས་ཏེ་བློར་མ་ཆུད་པ་ལྟ་བུའི་གནས་ཚུལ་དེ་འདྲ་བྱུང་བ་ལྟ་བུ་འདུག དེ་དུས་ངོས་ཀྱིས་ཁ་ཐུག་ཁ་ཐུག་ལ་བརྗོད་རྒྱུ་བྱུང་།
སེམས་ཤུགས་རྩ་བ་ནས་ཆག་རྒྱུ་མེད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོར་ཆ་བཞག་ནའང་སེམས་ཤུགས་གོང་ནས་གོང་དུ་སྤེལ་རྒྱུ་ཞིག་རེད་མ་གཏོགས་སེམས་ཤུག་ཆག་རྒྱུའི་རྒྱུ་མཚན་རྩ་བ་ནས་མ་རེད། བོད་ནང་ལ་ཆ་བཞག་ནའང་། དེ་དེ་བཞིན་བྱས་ནས་སེམས་ཤུགས་འཕེལ་རྒྱུ་རེད་མ་གཏོགས་སེམས་ཤུགས་ཆག་རྒྱུ་རྩ་བ་ནས་མེད། ངོས་རང་གཟུགས་པོ་བདེ་ཐག་ཆོད་བྱས་ནས་བསྡད་ཡོད། འདིར་རྩ་བའི་ལས་འགན་བསྒྲུབ་རྒྱུ་དེ་འོས་བསྡུ་བྱས་ནས་ཐོན་པའི་མི་དེ་དག་གིས་རྐང་འགན་འཁྱེར། ཡང་ཅི་སྟེ་ངེས་མེད་ཀྱི་ངོས་ཀྱི་མིང་མེད་ན་མ་འགྲིག་པ་ལྟ་བུ་ཡོད་ན། ངོས་རང་བསྡད་ཡོད་པ་མ་གཏོགས་ངོས་ཀྱིས་བསྒྱུར་བཅོས་གཏོང་རྒྱུ་དེ་སེམས་ཤུགས་ཆག་ནས་བྱས་པ་མིན་ལ། རེ་བ་བརླགས་ནས་བྱས་པ་ཡང་མིན། ད་ལྟ་རེ་བ་ཆེ་རུ་ཕྱིན་པ་མ་ཟད། སེམས་ཤུགས་གོང་ནས་གོང་དུ་འཕེལ་ཏེ་ཐག་གཅོད་དེ་བྱས་པ་ཡིན། མི་དང་མ་སོང་ནའང་གཞོན་སྐྱེས་དེ་དག་གིས་འགན་འཁྱེར་ཐུབ་པ་འདུག་བསམས་པའི་ཚོད་ཐིག་གདེང་འཁེལ་བ་ཞིག་བྱུང་བ་ཡིན་སྟབས། ངོས་ཀྱིས་ཐག་གཅོད་དེ་བྱས་པ་ཡིན། དེར་བརྟེན་ཁྱེད་རང་བློ་ཕམ་དང་གང་འདྲ་བྱས་ཡོང་ངམ་བསམ་པའི་བློ་གཡེང་རྩ་བ་ནས་བྱེད་མི་དགོས། བློ་བདེ་པོ་བྱས་ནས་སྡོད་ཤེས་སོང་ངམ། ཞེས་བཀའ་སློབ་སྩལ་ཡོད། དེ་རྗེས་ ༸གོང་ས་མཆོག་གིས་དབུ་ཁྲིད་ཡང་དག་འོག་གྲུབ་འབྲས་གང་ལེགས་ཐོན་ཡོད་པའི་སྐོར་བཀའ་སློབ་སྩལ་དོན། བོད་མི་རིགས་རིག་གཞུང་དང་བཅས་པ་དེ་དག་དགུང་འདེགས་ཡོང་རྒྱུར་ང་ཚོས་གང་ལ་གང་ཙམ་གྱིས་ཞབས་འདེགས་བསྒྲུབས་ཡོད། དེ་བཞིན་འབྲས་བུ་གང་ལ་གང་ཙམ་ཐོན་ཡོད།  དེར་ང་ཚོས་རྗེས་སུ་ཡི་རང་དང་སྤོབས་པ་སྐྱེ་འོས་པ་ཞིག་ཡིན། ད་ལྟ་གྲུབ་འབྲས་ཀྱི་མཚམས་གང་པར་བསླེབས་ཡོད་པ་དེའི་ཐོག་ད་དུང་ང་ཚོ་ཚང་མས་ཧུར་ཐག་བྱེད་དང་མུ་མཐུད་ནས་ཡར་རྒྱས་འགྲོ་རྒྱུ་ཞིག་ཏན་ཏན་ཡོང་གི་རེད། ཅེས་བཀའ་སློབ་ཕེབས་ཡོད་ལ་དེ་བཞིན་༸གོང་ས་མཆོག་གིས་གང་སྐུའི་འཕྲོད་བཞེས་ཨ་རིའི་མ་ཡོ་སྨན་ཁང་དུ་བརྟག་དཔྱད་མཛད་པར་སྨན་ཁང་ནས་སྐུ་ཁམས་སྔ་ལོ་ལས་ལེགས་སུ་ཕྱིན་པའི་བསྔགས་བརྗོད་ཞུས་པའི་སྐོར་བཀའ་སློབ་སྩལ་དོན། ཁ་སང་ངོས་རང་མ་ཡོ་སྨན་ཁང་དུ་ནམ་རྒྱུན་ཟླ་དྲུག་ཟླ་དྲུག་མཚམས་ལ་རྒྱ་གར་ནང་བརྟག་དཔྱད་བྱས། ལོ་གཅིག་ནང་མ་ཡོ་སྨན་ཁང་དུ་བརྟག་དཔྱད་བྱེད་ཀྱི་ཡོད། ཁ་སང་བརྟག་དཔྱད་ཞིབ་ཕྲ་བྱས་བྱུང་། བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་བརྟག་དཔྱད་བྱེད་མཁན་སྡེ་ཚན་མི་འདྲ་མི་འདྲ་དེ་དག་གིས་ཕྱོགས་བསྡོམས་བྱས་ཏེ་ལོ་བདུན་ཅུ་དོན་དྲུག་ལ་གཞིགས་པའི་གཟུགས་པོ་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་བྱུང་། གཉིས་ནས་ཁོང་ཚོའི་ཤོད་སྟངས་ལྟ་བུ་བྱས་ན། ན་ནིང་ལས་འདི་ལོ་གཟུགས་པོ་ཡག་ཏུ་ཕྱིན་པ་ལྟ་བུ་འདུག་ཅེས་བརྗོད་བྱུང་། ངོས་རང་ཡང་ཕྲན་བུ་ཡ་མཚན་པོ་བྱུང་། སྔོན་ལོའི་སྟོན་མཚམས་ནས་བྱས་ཏེ་ཧ་ལམ་ཟླ་བ་བཞི་ལྔ་གཅིག་འཆམ་པ་བརྒྱབ་བརྒྱབ་པ་ལྟ་བུ་བྱས་ནས་བསྡད་པ་རེད། འཆམ་པ་ཏོག་ཙམ་དྲག་ཏུ་ཕྱིན་པ་དང་ས་ཆ་གཅིག་འགྲོ་དགོས་པ་ཆགས་སྟབས། ཡང་འཆམ་པ་ཏོག་ཙམ་སྡུག་ཏུ་ཕྱིན། ཡང་རྡ་སར་ཡོང་ནས་ངལ་གསོ་རྒྱག་སྐབས་ཕྲན་བུ་དྲག་ཏུ་ཕྱིན། ཡང་འགྲོ་སྐབས་སྡུག་ཏུ་ཕྱིན་ཏེ་ཧ་ལམ་ཟླ་བ་བཞི་ལྔ་ཞིོག་དེ་འདྲ་བྱས་ནས་ཚ་བ་ཡང་ཕྲན་བུ་འཕར་བ་སོགས་བྱས་ཏེ་བསྡད་སོང་།  ལོ་འདིའི་ལོ་འགོར་ངོས་རང་རྒྱ་གར་ལྷོ་ཕྱོགས་ལ་བསླེབས་པ་རེད། གང་ཙམ་ཐང་ཆད་རྒྱུ་ལྟ་བུ་བྱུང་། དེ་རིང་བརྟག་དཔྱད་བྱེད་སྐབས་ག་རེ་བྱས་ཡོང་ངམ་བསམ་པ་དྲན་བྱུང་། ཁོང་ཚོས་སྔོན་ལོ་ལས་ཡག་ཏུ་ཕྱིན་འདུག་ཅེས་བརྗོད་བྱུང་། དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་དང་སེམས་པ་སྐྱིད་པོ་བྱས་ནས་སྡོད། མཐར་༸གོང་ས་མཆོག་གིས་རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་མུས་ཀྱང་དབུ་མའི་ལམ་ལ་རྒྱལ་སྤྱིའི་དང་རྒྱ་གར་ཨ་རིའི་གཞུང་སོགས་ནས་རྒྱབ་སྐྱོར་ཡོད་པའི་སྐོར་བཀའ་སློབ་ཕེབས་དོན། ལམ་སེང་རང་བཙན་ཞེས་པ་གང་ཤེས། རེ་བ་རྒྱག་གི་ཡོད་པ་རེད། རེ་བ་རྒྱག་གི་ཡོད་པ་རེད། དཔེར་ན། གཞོན་ནུ་ཚོགས་པར་ཆ་བཞག་ན། རང་བཙན་རྩོད་ཀྱི་ཡོད་པ་དེ་ང་ཚོའི་ཐོབ་ཐང་རེད། དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ད་ལྟ་དབུ་མའི་ལམ་ནས་འགྲོ་རྒྱུ་དེ་ངོ་ཐོག་ལོ་གཅིག་གཉིས་ནང་ལ་དཀའ་ངལ་སེལ་ཐུབ་རྒྱུར་ཕལ་ཆེར་མཐའ་ལྟ་བུ་གང་ཙམ་ཞིག་མཐོང་ཡོང་གི་འདུག ཚོད་དཔག་བྱེད་ཐུབ་ཀྱི་འདུག དེར་བརྟེན་ང་ཚོའི་བསམ་བློ་དེ་གང་ལྟར་རྒྱ་ཆེན་པོ་ནས་བསམ་བློ་གཏོང་གི་ཡོད། གང་ལྟར་བོད་ཀྱི་དཀའ་ངལ་སེལ་རྒྱུར་རྒྱ་ནག་རྒྱ་ཆེའི་མི་མང་དང་ལྷག་པར་ཤེས་ཡོན་ཅན་གྱིས་ང་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་དེ་མེད་ཐབས་མེད་པ་རེད། དེ་ཡོང་བར་ལམ་སེང་རྒྱ་རིགས་མཐོ་དམན་སུ་ཞིག་ཡིན་རུང་ཁ་མ་ཐུག་གོང་སྣ་ཐུག་རྒྱུའི་རྒྱག་རེས་ཤོར་རྒྱུ་ལྟ་བུ་བྱས་ན་ཡོང་རྒྱུ་མི་འདུག དེར་བརྟེན་བསམ་བློ་གུ་ཡངས་ས་དང་རྒྱ་ཆེ་ས་ནས་གཏོང་དགོས་པ་རེད་མ་གཏོགས་སྒྲུབ་དང་མ་བསྒྲུབ་དང་ཐབས་ལམ་གྱི་སྐད་ཆ་ཞིག་མེད་པར་སྒྲུབ་བྱ་གཅིག་ཐོག་ཨུ་བཙུགས་བརྒྱབ་ནས་བསྡད་པས་ཕན་ཐོགས་མེད། གང་ལྟར་ད་ལྟ་བར་དུ་ང་ཚོའི་བྱེད་ཕྱོགས་འདིར་འཛམ་གླིང་དང་གཙོ་ཆེས་རྒྱ་གར་གཞུང་ནས་རྒྱབ་སྐྱོར་ཡོད་པ། དེ་བཞིན་རྒྱ་ནག་གི་ཤེས་ཡོན་ཅན་མང་དག་ཅིག་གིས་རྒྱབ་སྐྱོར་ཡོད་པ་དེ་འདྲ་ཞིག་ཆགས་ཡོད་སྟབས། ད་ལྟ་ང་ཚོས་རང་རྒྱལ་གཞན་ཕམ་ཟེར་བ་མ་ཡིན་པར་གཉིས་ཀར་གཉིས་ཕན་ཡོད་པ་ཞིག་གི་ཐབས་ལམ་འཚོལ་བ་དེ་རྒྱ་ནག་གཞུང་དང་མཉམ་དུ་སྐད་ཆ་བཤད་ནས་དོན་འབྲས་རྡོག་རྡོག་འདི་འདྲ་ཞིག་བྱུང་ཞེས་ད་ལྟ་ཤོད་ཐུབ་རྒྱུ་མེད། འོན་ཀྱང་རྒྱ་ནག་གི་ཤེས་ཡོན་ཅན་མང་པོ་ཞིག་གི་ནང་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་འདུག དེར་བརྟེན་དེ་ང་ཚོའི་གྲུབ་འབྲས་ཏན་ཏན་ཐོན་ཡོད་པ་རེད། འཛམ་གླིང་སྤྱི་ཡོངས་དང་མདོར་ན་ཨ་རིའི་ཕོ་བྲང་དཀར་པོར་ངོས་རང་སྔོན་ལོ་འགྲོ་སྐབས་གཞུང་འབྲེལ་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་བྱས་པ་རེད། དེ་ཚོའི་གྲས་དེ་གནད་འགག་འདུག རྒྱབ་སྐྱོར་མེད་པར་ང་ཚོ་གཅིག་པུ་ཕྱིན་ན་ཧ་ཅང་ཁག་པོ་རེད། འཛམ་གླིང་ཕྱི་དང་གཙོ་ཆེ་རྒྱ་གར་གཞུང་ནས་རྒྱབ་སྐྱོར་མེད་ན་ཁག་པོ་རེད། དེ་བཞིན་ཨ་རི་དང་ཡུ་རོབ་གྲོས་ཚོགས་བཅས་ནས་རྒྱབ་སྐྱོར་མེད་ན་ཁག་པོ་རེད། རྒྱ་ནག་མི་མང་ནང་གི་རྒྱབ་སྐྱོར་དེ་ཧ་ཅང་གལ་ཆེན་པོ་འདུག དེ་ཡང་ངོས་ཀྱིས་ཞོས་འཕྲོས་ལ་ཁྱེད་ཚོར་བརྗོད་ན་བསམས་པ་དྲན་བྱུང་། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨང། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php