༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ལས་ཐོག་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
          དེ་རིང་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་རྣམ་པ་ཚོ་དང་། དགའ་ལྡན་ཕོ་བྲང་སྲུང་ཞིང་སྐྱོང་མཁན་གྱི་དྲེགས་པ་ཕོ་བརྒྱུད་མོ་བརྒྱུད་ཚབ་ལྟ་བུ་རེད། དང་པོ་དེ་བརྟན་མ་དྲཱ་ཀི་མ་རེད། དེ་ནས་གཉིས་པ་དེ་ཚེ་རིང་བརྟན་པ་བཅུ་གཉིས་ཀྱི་གྲས་རེད། དེ་ནས་ཚེེ་རིང་མཆེད་ལྔ་བྱས། དེ་ནས་གནས་ཆུང་རྡོ་རྗེ་གྲགས་ལྡན་དང་དགའ་གདོང་གི་མཚོན་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དེ་དག་འདུན་པ་གཅིག་སྒྲིལ་ཡོད་པ་རེད། གང་ལྟར་སྲི་ཞུ་བ་ཚོ་དང་སྲུང་མ་ཚོ་བཅས་ལྷ་མི་ཐུན་མོང་གི་ཐོག་ནས་དེ་རིང་རྟེན་འབྲེལ་སྒྲིག་པ་གནང་སྟེ། ཆོག་ག་དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་གསང་བ་རྒྱ་ཅན་ནང་གི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་དང་འབྲེལ་བའི་སྒོ་ནས་གཟིམ་ཆུང་དུ་ཚོགས་གསོག་སྔོན་དུ་སོང་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། གཟུངས་སྔགས་སྔོན་དུ་བསགས་ཏེ་གནད་སྨིན་ཚོགས་དང་སྒྲོལ་མའི་སྒོ་ནས་བརྟན་བཞུགས་ཚོགས་ས་འདི་ཡང་༸གོང་ས་ལྔ་པ་ཆེན་པོའི་སྐུ་བརྙན་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལ་ཟེར་ན། དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་དུས་རྟེན་འབྲེལ་གྱི་ནུས་པ་ཏན་ཏན་ཡོང་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ག་སྲི་ཞུ་བ་ཚོས་བཀའ་དྲིན་རྗེ་སུ་དྲན་པའི་ཐོག་ནས་ནོངས་བཤགས་བྱེད་རྒྱུ་དང་།

གཙོ་བོ་སོ་སོ་བསམ་པ་རྣམ་དག་དང་ལྷག་བསམ་གཡོ་མེད་བྱེད་ཀྱི་ཡིན་ཞེས་འདིར་དམ་བཅའ་ཞིག་བཀོད་འདུག ཞེ་དྲག་ཡག་པོ་རེད། ཚང་མས་ཤེས་གསལ་རེད། ༸གོང་ས་ལྔ་པ་ཆེན་པོས་བཙུགས་གནང་བའི་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་འགན་འཁུར་རྒྱུའི་དུས་ཚོད་དེ་རྫོགས་པ་རེད། ཁ་སེང་ཞུས་པ་བཞིན་དཔལ་དང་རྒྱལ་ཁའི་ངང་ནས་བཀྲིས་བདེ་ལེགས་དང་དུ་བླངས་ཏེ་མཇུག་རྫོགས་པ་རེད། ཁ་སེང་འགོ་སྟོད་ལ་ཆོས་སྐྱོང་ཚོའི་དགོངས་པར་གང་འདྲ་ཡོད་དམ་དྲན་བྱུང་། ལྷ་མི་ཀུན་སྤྱོད་གཅིག་པ་ཡིན་དུས་མིའི་བློ་ལ་ཏོག་ཙམ་མི་བདེ་བ་ཡོང་དུས་ཆོས་སྐྱོང་ཚོར་ཡང་ཡོང་གི་རེད་བསམས་བྱུང་ཡང་སྐྱོན་གང་ཡང་མི་འདུག རྒྱབ་སྐྱོར་གནང་གི་འདུག  གལ་ཆེ་བ་ཁྱེད་རྣམ་པའི་སྲི་ཞུ་བ་ཚོས་མང་གཙོའི་འོས་འདེམས་ཐོག་ནས་འགོ་ཁྲིད་གསར་པ་ཡོང་གི་རེད། མ་གཞི་ཕྱི་ལོ་ ༢༠༠༡ ནས་འགོ་བཙུགས་ཏེ་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་སྟེ་ལོ་བཅུ་ཕྱིན་པ་རེད། ད་ཆ་གཞོན་སྐྱེས་མི་རབས་གསར་པ་ཞིག་ཕལ་ཆེར་གཏན་འཁེལ་བའི་བཟོ་འདྲ་ཆགས་ཡོད།  བྱས་ཙང་ཁྱེད་རང་་སྲི་ཞུ་བ་ཚོས་ཀྱང་སྔར་བཞིན་འདིར་དམ་བཅའ་བཞག་པ་བཞིན་ལྷག་བསམ་གཡོ་བ་མེད་པ་བྱས་ཏེ།  རྒྱབ་མདུན་ངོ་ལྐོག་མཐོ་སར་སྤྲེལ་ལད་འཁྲབ་རྒྱུ་དང་དམའ་སར་བརྙས་བཅོས་ཟེར་བ་འདིར་བཀོད་འདུག དེ་ཞི་དྲག་གལ་ཆེན་པོ་རེད། ང་ཚོ་ལས་བྱེད་པ་ཚང་མས་བྱང་ཆུབ་སེམས་དཔའ་ཚོས་སེམས་སྐྱེས་སྡོམ་པ་ལེན་པའི་སྐབས་སུ་སེམས་ཅན་ཐམས་ཅད་འབངས་སུ་བཞེས་ཏེ་བསམ་བློ་གཏོང་གི་ཡོད། དེ་ལྟ་བུར་ང་རང་ཚོ་གཞུང་གི་ལས་ཀ་བྱེད་མཁན་ཟེར་བ་དེ་ཞབས་འདེགས་ཞུ་སའི་མི་མང་གི་ཞབས་ཞུ་ཡིན་བསམ་པ་མ་གཏོགས་ང་སྒང་ལ་སྡོད་མཁན་དཔོན་པོ་ཡིན།  ང་མར་བཀའ་བཀོད་བྱེད་མཁན་ཡིན་བསམ་པ་བྱས་ན་ནོར་འཁྲུལ་རེད། སོ་སོར་འགན་དབང་ཡོད་པའི་ཆ་ནས་ཐག་གཅོད་བྱེད་དགོས་རིགས་ཡོང་གི་རེད་མ་གཏོགས་རྩ་བའི་བསམ་བློའི་འཁྱེར་སོ་དེ་སྤྱི་འབངས་ཀྱི་ཞབས་ཞུ་བ་ཞིག་ཡིན་བསམ་པ་དེ་ངེས་པར་དུ་དགོས།

          སྤྱོད་འཇུག་ནང། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་གཉེར་འཚོའི་གཞིར་ཡང་ཤོག །ཅེས་གསུངས་པའི་བསམ་བློ་དེ་ང་ཚོའི་བོད་ལ་ཡོད་པའི་ཆོས་དེ་སངས་རྒྱས་པའི་ཆོས་ཤིག་ཡིན་པ་མ་ཟད། ཐེག་པ་ཆེ་ཆུང་གི་ཆོས་བྱམས་སྙིང་རྗེ་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་རྩ་བ་ཆགས་ཀྱི་ཡོད། དེ་འདྲའི་བསམ་བློ་ཞིག་གཏོང་ཐུབ་ན་སྤྱིར་མིའི་ཡ་རབས་ཀྱི་སྤྱོད་པ་མཐར་ཐུག་ཅིག་རེད། གཞན་ཕན་གྱི་བློ་བཟང་པོ་ཞིག་རྟེན་ཏེ་རང་ཉིད་ནམ་མཁའི་མཐར་ཐུག་པའི་སེམས་ཅན་སྤྱི་དང་བྱེ་བྲག་སོ་སོ་ཐད་ཀར་འབྲེལ་བ་ཡོད་སའི་མི་མང་དེ་ཚོའི་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་བསམས་ན་ཡག་པོ་ཞེ་དྲག་འདུག་པས་ཡ་རབས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད། ཆོས་ཕྱོགས་ཐོག་ནས་ཉམས་ལེན་གྱི་རྩ་བ་ཞིག་ཆགས་ཡོད། དེར་བརྟེན་ཁྱེད་རང་ཚོས་ད་ཆ་༸རྒྱལ་བ་རིན་པོ་ཆེས་མུ་མཐུད་འགན་ལེན་གྱི་མེད། ད་ཞབས་ཕྱི་ཞུས་མ་ཞུས་མི་འདུག་བསམ་པ་དེ་འདྲའི་བསམ་བློ་མ་བཏང་བར། ངོས་སྡད་ཡོད། ངོས་ནས་འོས་འདུའི་ཐོག་ནས་འགོ་ཁྲིད་བསླེབས་མཁན་ཚོར་རྒྱབ་སྐྱོར་ཆ་ཚང་ཡོད། དངོས་སུ་ལག་ལེན་ཐོག་ནས་འགྲོ་སྟངས་གསར་པ་ཞིག་ཆགས་པ་རེད། འདས་པའི་ལོ་བཅུའི་རིང་ལ་ཡིན་ནའང་ངོས་ཕྱེད་རྒན་ཡོལ་ལྟ་བུ་བསྡད་ཡོད། འཐུས་ཤོར་གང་ཡང་ཕྱིན་མེད། མ་འོངས་པར་ཡིན་ནའང་འཐུས་ཤོར་རྩ་བ་ནས་འགྲོ་གི་མ་རེད། དེ་འདྲ་ཡིན་དུས་ཁྱེད་ཚོ་ཚང་མས་སེམས་ཤུགས་སྐྱེས་ཏེ་ཧུར་སྐྱེད་ད་ལྟ་ཕན་ཆད་གནང་བ་བཞིན་གནང་རོགས་ཞེས་ཞུ་རྒྱུ་གཅིག་ཡིན། ཁྱེད་རང་ཚོ་རྡ་སར་སྡོད་མཁན་ཆགས་ཏེ་ང་ཚོའི་སྔ་ཕྱིའི་བསམ་བློ་གཏོང་སྟངས་དེ་དག་མང་པོ་ཞིག་གོ་ཡོད་པ་མ་ཟད། གང་ཙམ་རྒྱུས་ཡོད་ཆགས་ཡོད།  ཉེ་ཆར་གྲོས་ཚོགས་ལ་ཡི་གེ་ཕུལ་བ་ནས་བཟུང་ཁྱེད་རང་ཚོས་ཅུང་མགོ་ཚོས་པོ་ཆགས་ཡོད། དེ་འདྲ་ཡིན་དུས་སོ་སོའི་ངོ་ཤེས་པ་རྒྱ་གར་ནང་ཡོད་པ་ཡིན་ནའང་རེད། ལྷག་པར་གཙོ་ཆེ་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་དང་འབྲེལ་བ་ཡོད་མཁན་ཚོས་ཡིན་གཅིག་མིན་གཅིག་ངོས་ཀྱི་འདིར་ཐག་གཅོད་བྱེད་རྒྱུ་དེ་ཡུན་རིང་པོར་བསམ་བློ་བཏང་སྟེ་ཐད་ཀར་བོད་དོན་དང་བོད་པ་ཚོའི་དོན་དག་རེད་ལ། ཕྱོགས་གཅིག་ནས་འཛམ་གླིང་འདིའི་སྒང་ལ་བོད་ཀྱི་མཚན་མཐོང་ཆེ་རུ་འགྲོ་རྒྱུ་ཞིག་ཆགས་ཡོད།

          ངོས་ཀྱིས་ཐག་གཅོད་དེ་བྱས་རྗེས་ངོས་ཀྱི་ངོ་ཤེས་མང་པོ་ཞིག་གིས་མཐའ་གཅིག་ཏུ་ཡི་རང་དང་མངོན་པར་བསྟོད་ནས་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག གསར་ཤོག་དེ་འདྲིའི་ནང་རྩོམ་ཡིག་སྤེལ་བ་མང་པོ་ཞིག་གིས་ངོས་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་དང་བསྟོད་བསྔགས་ཡོད་པར་ཆགས་ཡོད། ཇི་ཙམ་གྱི་ང་ཚོར་བསྟོང་བསྔགས་དང་རྒྱབ་སྐྱོར་བྱས་པ་དེ་ཚོད་ཀྱིས་ཕར་ཕྱོགས་དེར་གུང་ཁྲན་བསམ་བློ་གུ་དོག་པོ་དེ་དག་གིས་འགྲེལ་བཤད་རྒྱག་མ་ཤེས་པ་དང་བྱེད་སྟངས་མ་ཤེས་པ་ཞིག་གི་སྒང་ལ་བསླེབས་ཡོང་གི་ཡོད། ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཆགས་ཡོད།  དེ་འདྲ་ཡིན་དུས་བོད་ནང་དུ་གཞིས་ལུས་མི་མང་ཚང་མར་གསལ་བསྒྲགས་བྱེད་རྒྱུའི་གོ་སྐབས་དང་བྱེད་ཐབས་མེད་ཀྱང་ཕྲན་བུའི་བསམ་བློ་འཁོར་མཁན་དཔེར་ན། ངོས་ཀྱིས་ཁ་སྔོན་བརྗོད་པ་བཞིན་ད་བར་ངོས་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་བརྒྱ་ཕྲག་ཁ་ཤས་ཤིག་ཐུག་ཡོད། དེ་ཚོའི་གྲས་ཀྱི་གནད་འགག་ཤེས་པ་ཡིན་དུས་ང་ཚོའི་དབུ་མའི་ལམ་ཞེས་གཉིས་ཕན་ཞིག་བསམ་བློ་བཏང་སྡོད་རྒྱུ་དེ་དངོས་སུ་ལག་ལེན་འཁེལ་ཐུབ་རྒྱུ་ཞིག་དང་རྒྱ་མིས་སྡིག་པ་མིག་བཙུམས་བྱས་ཏེ་ཤོད་ཀྱི་ཡོད། གང་ལྟར་གཞན་དག་རྒྱུ་མཚན་བཀོད་རྒྱུ་མེད་དུས་མུ་མཐུད་ནས་ཁ་བྲལ་བ་རེད་བཤད་དགོས་རྒྱུ་དེ་ང་ཚོས་འདི་ནས་གཉིས་སྨན་གྱི་ཐབས་ལམ་ཞིག་སྤྲད་ཡོད་པ་དེ་མ་རེད་ཅེས་ལབ་མ་ཤེས་པ་ཡིན་དུས་ངོ་ཚ་ཁ་སྐྱེངས་ཐོག་ནས་ཁ་བྲལ་བ་རེད་ཅེས་མུ་མཐུད་ཤོད་དགོས་རྒྱུ་ཆགས་འདུག ང་ཚོས་འདིར་ཁ་བྲལ་གྱི་ལས་ཀ་ཞིག་བྱས་པ་ཡིན་ན་རྒྱ་མིས་གསལ་པོ་བྱས་ཏེ་ངོ་རྒོལ་བྱེད་ཀྱི་རེད་ལ་རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། རེ་ཟུང་གི་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མ་གཏོགས་དེ་མིན་ཁག་པོ་ཞེ་དྲག་རེད། གཙོ་བོ་གཅིག་རྒྱ་གར་གཞུང་གི་མཚོན་པའི་ལུང་པ་མང་པོ་ཞིག་གི་བོད་པར་ཤ་ཚ་དང་རྒྱབ་སྐྱོར་ཡོད། འོན་ཀྱང་དངོས་ཡོད་འཛམ་བུ་གླིང་གི་གནས་སྟངས་འདི་འདྲ་ཞིག་ཆགས་ཚར་པའི་རྗེས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཞེ་དྲག་ཡིན་དུས་ད་ལྟ་ང་ནས་དབུ་མའི་ལམ་ཞེས་པ་དེར་བོད་ནང་གི་བསམ་བློ་གཏོང་མཁན་ངོས་ཀྱི་ཐུག་པ་དེ་དག་གིས་ཧ་ལམ་མཚོན་ཐུབ་ཀྱི་རེད། མང་པོ་ཞིག་གིས་ཁོང་རང་ཚོའི་སྡེབ་རྒྱ་ཚང་མའི་ཚབ་བྱས་ཏེ་ཟེར་གྱི་ཡོད་ཟེར་མཁན་ངོས་ལ་མང་པོ་བྱུང། བསམ་བློ་འཁོར་མཁན་ཚོས་ངོས་ཀྱི་ད་རེ་ཐག་གཅོད་བྱས་པ་འདི་བོད་དོན་བློས་བཏང་བ་དང་རེ་བ་བརླག་པ། ངོས་འདིར་སེམས་ཤུགས་ཆག་པའི་བཟོ་ལྟ་བུ་རྩ་བ་ནས་མིན་པ་དེ་དག་ཁྱེད་རང་ཚོས་ག་ཚོད་གང་ཐུབ་ཀྱི་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་ན་རྒྱག་དགོས་ཤེས་སོང་ངམ། སོ་སོ་སྒེར་གྱི་ངོས་ནས་ངོ་ཤེས་པ་དེ་འདྲ་ཕར་ཚུར་མདོར་ན་ཁ་པར་གཏོང་བདེ་པོ་ཡོད་ན་གཏོང་རྒྱུ་དེ་ཁྱེད་རང་ཚོའི་ལས་འགན་རེད། གལ་ཆེན་པོ་རེད།

          བར་སྐབས་བོད་ནང་རིགས་འགའ་ཤས་གང་ཙམ་ཞིག་བློ་ཕམ་ཡོང་གི་ཡོད་པ་ལྟྲ་བུ དེ་འདྲ་ཞིག་གོ་ཡོང་གི་འདུག དེ་གནས་ཚུལ་ཆ་ཚང་ཞིག་མ་ཤེས་པ་བྱས། རྒྱལ་སྤྱིའི་སྟེང་གི་གནས་ཚུལ་དེ་དག་ཀྱང་ཡག་པོ་ཞིག་བསམ་བློ་མ་འཁོར་བའི་ཁ་ཐུག་དེར་ཁག་མི་འདུག ད་བར་དུ་ས་ཆགས་རྡོ་ཆགས་བྱས་ནས་དགའ་ལྡན་ཕོ་བྲང་ཞེས་ལོ་ངོ་སུམ་བརྒྱ་ལྷག་ཕྱིན་པ་རེད། བཞི་བརྒྱར་སླེབ་ཉེའི་མཚམས་ཕྱིན་ཡོད། བོད་ཀྱི་གནས་སྟངས་ཀྱང་ཛ་དྲག་ཅིག་ཡོད་པའི་སྐབས་དེར་ཁག་མི་འདུག དེ་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག དེ་རིང་གི་དྲེགས་པ་ཕོ་བརྒྱུད་མོ་བརྒྱུད་སྤྱན་འདྲེན་གཟུགས་ཅན་གྱི་རྟེན་ལ་ཡེ་ཤེས་ཀྱིས་སྤྱན་འདྲེན་ནས་ལྷ་ཕེབས་པར་ཁྱེད་རང་ཚོ་ཕལ་ཆེ་ལྟད་མོ་ཆེན་པོ་ཞིག་མཐོང་བྱུང་ངམ། ངོས་ཀྱི་ངོ་ཤེས་པ་རྒྱ་གར་གྱི་མི་ཞིག་ཡོད། ཁོང་རང་གི་པ་ལགས་ཀྱི་དུས་ནས་ངོས་ཀྱིས་ངོ་ཤེས་ཀྱི་ཡོད།  (Pico Iyer) རྩོམ་འབྲི་ཧ་ཅང་བྲིས་མཁས་པོ་ཡོད། ཁོང་ལ་ཤ་ཚ་ཧ་ཅང་ཡོད། ཁོང་ཆོས་ལ་དད་པ་དང་དོ་སྣང་དམིགས་བསལ་མེད། ཆོས་ལ་མི་དགའ་དེ་འདྲ་ཡང་མེད། སྔ་ལོ་ངོས་རང་ཉི་ཧོང་ལ་འགྲོ་སྐབས་ཁོང་ནམ་རྒྱུན་ངོས་ཀྱི་མཉམ་དུ་ཡོང་གི་ཡོད། ངོས་ཀྱིས་ཉིན་རེ་ཉིན་རེ་ག་རེ་བྱས་པ་དེ་དག་ཐོ་བརྒྱབ་སྟེ་མར་བྲིས་ཀྱི་ཡོད། གལ་ཆེ་བ་དེ་དག་གསར་འགྱུར་ནང་གཏོང་གི་ཡོད། ཁོང་ཉིན་ཞིག་ངོས་ལ་ཐུག་སྟེ་སྐད་ཆ་དྲི་རྒྱུ་ཞིག་ཡོད་ཅེས་བརྗོད་བྱུང་། ༸རྒྱལ་དབང་རིན་པོ་ཆེ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་མཁན་ཞིག་དང་ཚན་རིག་པ་རང་ཆགས་ཡོད། ལྷ་ཕེབས་རྒྱུ་དེ་གང་འདྲ་ཡིན་ནམ་ཁོང་དེ་ལ་ཡ་མཚན་སྐྱེས་ཀྱི་འདུག་ཅེས་བརྗོད་བྱུང་། ངོས་ཀྱིས་འདི་དེ་འདྲ་རེད། འདི་དེ་འདྲ་རེད་ཅེས་འགྲེལ་བཤད་བརྒྱབ་པ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་ཐོག་ནས་ཟེར་ན་མི་འདུག གང་ལྟར་སྤྱིར་བཏང་འཛམ་གླིང་འདིའི་སྟེང་ལ་ཡོད་ཚད་མཐོང་བ་མངོན་འགྱུར་ཆགས་མེད། སེམས་ལྡན་སེམས་ཅན་ནང་ལ་ཆ་བཞག་ནའང་།

          ང་རང་ཚོས་དངོས་སུ་འཛམ་གླིང་འདིའི་སྟེང་ལ་མཐོང་རྒྱུ་མི་ཙམ་མ་ཡིན་པར་དུད་འགྲོ་སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱི་མཐོང་གི་ཡོད། དེ་ནང་བཞིན་མི་ལ་སོགས་པའི་ལུས་རྟེན་རགས་པ་ཡོད་མཁན་དེ་འདྲ་མིན་པ། གཟུགས་ཏོག་ཙམ་ཕྲ་བའི་སྲོག་ཆགས་མང་དག་ཅིག་ཡོད་པ་རེད། དེར་བརྟེན་དེ་ཚོའི་གྲས་མང་པོ་ཞིག་ཐད་ཀར་ང་ཚོར་ལྐོག་འགྱུར་ཆགས་ཀྱི་ཡོད། ཐད་ཀར་ང་ཚོས་བཤད་མི་ཐུབ་པ་དང་མཐོང་མི་ཐུབ་པ་ཞིག་ཡིན་ནའང་དེ་ཡོད་པའི་རྟགས་དེ་མང་པོ་ཞིག་ཡོད། གཟུགས་མེད་ལྷ་འདྲེ་ཟེར་བ་དེ་འདྲ་ཡོད་པ་ཞིག་ཡིན། མེད་པ་ཞིག་མིན། དེ་ནས་ངོས་སྒེར་གྱི་ལོ་རྒྱུས་བཤད་པ་ཡིན། ངོས་ཆུང་ཆུང་སྐབས་ཕ་ཡུལ་ནས་ཡར་ཡོང་སྐབས་ཕལ་ཆེར་ལོ་ལྔ་ཡིན་པ་རེད། ཐོག་མར་འདོད་དགུ་ཐང་ཡིན་པ་ཡོད། དེ་འདྲ་ཞིག་ནས་གནས་ཆུང་ཐོག་མར་སྐུ་ཕེབས་ཏེ་ངོས་ལ་དགའ་བསུ་ཞུས་བྱུང་། དེ་དུས་རྒན་ཉི་མ་ཁོ་རང་ཚོའི་རྒན་སྟོང་དཔོན་ཁོོང་རང་སྐུ་གོང་མ་དགོངས་པ་རྫོགས་པའི་རྗེས་ལ་ཧ་ཅང་ཐུགས་ཁུར་བཞེས་ཏེ། ༸རྒྱལ་དབང་གི་ཡང་སྲིད་སྐོར་ལ་ག་རེ་བྱེད་ཀྱི་ཡོད་ན་ཞེས་ཏེ་ཧ་ཅང་ཐུགས་ཁུར་བཞེས་མཁན་ཞིག་རེད་འདུག དེ་རྒན་ཉི་མས་གསུང་གི་འདུག གནས་ཆུང་གི་འཕྲིན་སྐུལ་ཞིག་ཀྱང་ཁོང་རང་གིས་བརྩམས་འདུག ངོས་རང་འདོད་དགུ་ཐང་ལ་ཡོད་སྐབས་རྒྱལ་པོ་རྭ་སྒྲེང་ཚང་དེར་ཕེབས། གནས་ཆུང་ཕལ་ཆེར་ཡོང་བ་ཡོད། དེ་དུས་རྒན་སྟོང་དཔོན་ལགས་ཀྱིས་༸རྒྱལ་བའི་ཡང་སྲིད་གང་འདྲ་ཞིག་ཡོད་ན་དགོངས་ཏེ་ཡ་གིར་ཆེད་མངགས་ཕེབས་པ་རེད། གནས་ཆུང་ཕེབས་པ་གཟིགས་ཏེ། དེའི་སྐབས་ལ་གནས་ཆུང་ཚད་ལྡན་ཞིག་ཡོད་དམ་མེད་ཅེས་པའི་གླེང་གཞི་ཕྲན་བུ་ལྟ་བུ་ཡོད་ས་རེད། ཕལ་ཆེར་འདོད་དགུ་ཐང་དེར་ཐོག་མར་ངོས་ལ་རྭ་སྒྲེང་རིན་པོ་ཆེས་སྣེ་ལེན་གནང་སྐབས་རྒན་སྟོང་དཔོན་དེར་ཕེབས་ཏེ་ཚུར་འབྲས་སྤུང་ལ་ཕེབས་རྗེས་ཧ་ཅང་མཉེས་པོ་གནང་གི་འདུག་ཅེས་གསུངས་འདུག ༸རྒྱལ་དབང་ཡང་འཁྲུལ་མེད་རེད་འདུག་ལ་གནས་ཆུང་ཆོས་སྐྱོང་ཡང་འཁྲུལ་མེད་རེད་འདུག་པས་ངོས་རང་བློ་བདེ་སོང་ཞེས་རྒན་ཉི་མར་དེ་འདྲ་གསུངས་འདུག ངོས་རང་ལ་གནས་ཆུང་ཐོག་མར་དེ་དུས་ནས་ཐུག་པ་རེེད། དེ་ནས་གཙུག་ལག་ཁང་དུ་ཡོད་སྐབས་ཆོས་སྐྱོང་ཕེབས་ཏེ་མི་མང་པོ་ཞིག་གིས་ངོས་རང་ཨ་མདོའི་ཕྲུ་གུ་ཆུང་ཆུང་ཞིག་གི་དེ་དུས་དེར་ལྷ་ཕེབས། ཕུ་རྒྱག་པ་སོགས་འདྲ་མིན་ཞིག་བྱེད་སྐབས་ཕྲུ་གུ་དེས་ཞེད་སྣང་རྩ་བ་ནས་བྱེད་ཀྱི་མི་འདུག་ལ་ངོ་ཤེས་དང་འོག་ལ་ཡིན་པ་ལྟ་བུའི་རྣམ་འགྱུར་སྟོན་གྱི་འདུག་ཅེས་དེ་འདྲ་ཤོད་རྒྱུ་བྱུང་བ་རེད། དེ་དུས་ནས་ངོས་རང་དང་གནས་ཆུང་སྐུ་རྟེན་འབྲེལ་བ་ཡོད། གཟུགས་མེད་ངོས་ནས་ངོས་རང་སྐྱེས་སྐབས་ནས་ཕལ་ཆེར་འབྲེལ་བ་ཡོད་པ་གསལ་པོ་རེེད།

          སྐབས་དེར་དཔལ་ལྡན་ལྷ་མོ་དང་འབྲེལ་བ་མེད་པ་ཕལ་ཆེར་རེད། དེ་བཞིན་གལ་ཆེ་ཤོས་དེ་ངོས་རང་ལོ་བཅུ་དྲུག་ལ་སླེབ་སྐབས་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། གལ་ཆེ་བ་དེ་དག་ལྷ་མོའི་བསྟན་གྱི་དྲུང་ནས་ཟན་བརྟག་བསྒྲིལ་ནས་གནས་ཆུང་གཙོ་བོར་གྱུར་བའི་ཆོས་སྐྱོང་སྐུ་ཕེབས་ཡོད་མཁན་ཚོ་ལ་ལུང་ཞུ་ཀྱིན་ཞུ་ཀྱིན་བྱས་ཏེ། ངོས་རང་ད་ལྟ་ལོ་བདུན་ཅུ་དོན་དྲུག་བར་དུ་གལ་ཆེ་བ་དེ་དག་མོ་བརྒྱབ། ཟན་བརྟག་བསྒྲིལ་དེ་འདྲ་བྱས་ནས་ཕྱིན་པ་ཡིན།  རྩ་བ་ཉིད་ནས་བསླུ་བ་མ་བྱུང་། དེ་ལ་ཆ་བཞག་ས་ཞིག་ཏན་ཏན་འདུག དེ་ངོས་རང་གི་ཉམས་མྱོང་ཐོག་ནས་ཤེས་ཀྱི་འདུག དེ་འདྲའི་སྲོག་ཆགས་གཟུགས་ཕྲ་བ་ཡིན་པའི་རིགས་དེ་འདྲ་ཡོང་གི་འདུག ངོས་ཀྱིས་ཁོང་ལ་རྩེད་མོ་རྩེས་ཏེ་གཟུགས་ཕྲ་བ་དེ་ཚོའི་གྲས་དེ་སྤྱིར་བཏང་མིས་མཐོང་གི་མ་རེད།  ཁོ་ཚོ་གཟུགས་ཕྲ་བ་ཡིན་དུས་འགྲོ་རྒྱུ་དེ་ཧ་ཅང་མགྱོགས་པོ་འགྲོ་ཐུབ་ཀྱི་ཡོད། དེར་བརྟེན་པེ་ཅིང་ལ་ཕྱིན་ཏེ་རྒྱ་མིའི་དཔོན་པོ་ཚོའི་སྐད་ཆ་ག་རེ་ཤོད་ཀྱི་འདུག་དེ་ཁོང་ཚོས་ཤེས་ཀྱི་རེད། ངོས་ཀྱིས་ཁོང་ལ་དེ་འདྲ་བརྗོད་པ་ཡིན། དེ་མིན་ཁོང་གིས་ཧོབ་སྟེ་༸རྒྱལ་བ་རིན་པོ་ཆེ་ཚན་རིག་ལ་ཧ་ཅང་དོ་སྣང་ཡོད་པ་མ་ཟད། ཚན་རིག་ལ་ཡིད་ཆེས་བྱས་ཏེ་རི་རབ་ཁས་ལེན་གྱི་མེད་པ་རེད། གླིང་བཞི་གླིང་ཕྲན་ཁས་ལེན་གྱི་མེད། ཧ་ལམ་ཆོས་པ་བློ་གུ་དོག་པའི་ཐོག་ནས་བཤད་ན། ༸རྒྱལ་བ་རིན་པོ་ཆེ་ལོག་ལྟ་ཅན་རེད་ཅེས་ཕལ་ཆེར་ཤོད་རྒྱུའི་མཚམས་ལ་སླེབ་ཀྱི་ཡོད། ཁོང་གིས་ཡ་མཚན་ཐོག་ནས་དེ་འདྲ་ཞིག་དྲིས་བྱུང་བར་ངོས་ཀྱིས་ལན་དེ་ལྟར་བརྒྱབ་པ་ཡིན། དེའི་ཐོག་ནས་གནས་ཆུང་རྒྱུས་ཡོད་ཆེ་ཤོས་དེ་ངོས་ཆགས་ཡོད། ངོས་ཀྱིས་སྔོན་མ་དོལ་རྒྱལ་སྐོར་སྐད་ཆ་བྱུང་སྐབས་འབོར་ཤོབ་བཤད་དེ་གནམ་འདིའི་ཁ་འོག་ལ་གནས་ཆུང་རྡོ་རྗེ་གྲགས་ལྡན་རྒྱུས་ཡོད་ཆེ་ཤོས་དེ་ཕལ་ཆེར་ངོས་རང་ཡིན་གྱི་རེད། ངོས་ཀྱི་གནས་ཚུལ་ཆ་ཚང་ཤེས་མཁན་དེ་ཕལ་ཆེར་གནས་ཆུང་རྡོ་རྗེ་གྲགས་ལྡན་ཡིན་གྱི་རེད། ཅེས་དེ་དུས་བཤད་པ་ཡིན།

          ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ངོས་རང་ལོ་ལྔ་དྲུག་ནས་བཟུང་སྟེ་དུས་ད་ལྟ་བར་དུ་གང་ལྟར་སྐུ་རྟེན་བརྗེས་འགྲོ་གི་ཡོད། འོན་ཀྱང་ཡེ་ཤེས་དེ་ཏག་ཏག་ཡོད་པ་ཞིག་རེད་འདུག  ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་འཕོ་འགྱུར་གང་ཙམ་ཞིག་ཕྱིན་ཡོད། ང་ཚོས་ལས་ཀ་འཐུས་ཤོར་རྒྱུའི་ཚབ་ཏུ་ད་དུང་ཡང་ལས་ཀ་འཐུས་སྒོ་ཚང་བ་ཞིག་ཡོང་རྒྱུར་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས་པ་མ་ཟད། སེམས་ཤུགས་བསྐྱེད་དགོས་པ་རེད། ངོས་ཀྱི་ངོས་ནས་ཡིན་ནའང་ཐད་ཀར་འབྲེལ་བ་གང་ཡང་མེད། འོན་ཀྱང་ད་ལྟ་འགོ་ཁྲིད་གསར་པ་སླེབ་ཡོང་སྐབས་ང་ཚོ་ཚང་མ་ངོ་ཤེས་པ་ཤ་སྟག་རེད། ང་ཚོ་རྟག་པར་འབྲེལ་བ་དེ་སྡོད་ཀྱི་རེད། དེར་བརྟེན་ཚང་མ་བློ་བདེ་པོ་བྱས་ནས་སྡོད། བཀྲིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཡོད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php