ལོ་གསར་བའི་བཀྲ་ཤིས་མཆོད་པ།

 

 

 

བཀྲ་ཤིས་ཤོག

གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས། །གཟའ་སྐར་མང་བོའི་ཚོགས་ཀྱིས་བསྐོར། །

ས་ལ་བཀྲ་ཤིས་འབྱུང་བ་ལྔ། །མེ་ཆུ་ས་རླུང་ཚོགས་ཀྱིས་བསྐོར།།

བར་ན་བཀྲ་ཤིས་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར།།

དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ཡིན་དང་། །གནམ་ས་བར་གྱི་བཀྲ་ཤིས་གང་ཡིན་པ། །

བཀྲ་ཤིས་ཀུན་གྱིས་དེང་འདིར་བདེ་ལེགས་ཤོག”

 ཡ་ ད་འདི་ལྟར་དམ་པའི་ཆོས་ཀྱི་བཀྲ་ཤིས་པས་སྔུན་བསུས་ནས། གནམ་ལོ་གསར་བ་བསུ་བའི་མཆོད་པ་ཞིག་འབུལ་ན།



མཆོད་དོ། མཆོད་པ་དང་པོ་དཀོན་མཆོག་གསུམ་ལ་མཆོད།

བྱང་ཆུབ་བར་གྱི་བསླུ་མེད་སྐྱབས་གནས་ཡིན།

འགལ་རྐྱེན་བར་ཆད་མཐའ་དག་ཞི་བ་དང་།

བདག་ཅག་ལུས་ངག་ཡིད་གསུམ་དགེ་བ་མཛོད།

མཆོད་པ་གཉིས་པ་གནམ་ས་གཉིས་ལ་མཆོད།

ཇི་སྲིད་འགྲོ་བའི་གནས་ཁྱིམ་འབྲལ་མེད་ཡིན།

འབྱུང་བཞིའི་གནོད་འཚེ་ཐམས་ཅད་ཞི་བ་དང་།

སྐྱེ་འགྲོ་ཡོངས་ལ་བདེ་བ་འབྱུང་བར་ཤོག

མཆོད་པ་གསུམ་པ་གཞིས་མགྲོན་ཀུན་ལ་མཆོད།

སྐྱིད་སྡུག་གཅིག་པའི་མཛའ་མཐུན་སྤུན་ཟླ་ཡིན།

དམ་ཚིག་མཐུན་སྒྲིལ་ཉམས་པ་མེད་པ་དང་།

གཞིས་བྱེས་ལྷན་འཛོམས་བདེ་སྐྱིད་ལྡན་ལྡན་པར་ཤོག



ཡ་ ད་མཆོད་པ་འདི་གསུམ་ཕུལ་ནས། ཡང་བསྟོད་པ་རྣམ་གསུམ་ཞིག་བྱེད་ན།

 

ངས་བསྟོད་གཅིག་བསྟོད་ལ་བླ་མ་བསྟོད།

རྗེ་བླ་མ་བསྟན་འཛིན་རྒྱ་མཚོར་བསྟོད།

ལྷ་ཕྱག་ན་པད་མོའི་རྣམ་སྤྲུལ་བསྟོད།

བྱམས་སྙིང་རྗེའི་བྱང་ཆུབ་སེམས་དཔར་བསྟོད།

སྐུ་མི་འགྱུར་ཞབས་པད་བརྟན་པ་དང་།

གསུང་འོད་དཀར་གནམ་འོག་ཁྱབ་པར་ཤོག།

 

ངས་བསྟོད་གཉིས་བསྟོད་ལ་བོད་ཡུལ་བསྟོད།

བོད་གངས་ཅན་རི་ཆུའི་ལྗོངས་ལ་བསྟོད།

ལྷ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བསྟོད།

ཆོས་དགོན་སྡེ་བསྟན་པ་དར་བར་བསྟོད།

ས་མི་འགྱུར་སྣོད་བཅུད་མ་ཉམས་པར།

ཆུ་གཙང་པོས་གླིང་ཀུན་ཚིམ་པར་ཤོག།

 

ངས་བསྟོད་གསུམ་བསྟོད་ལ་མི་ཡུལ་བསྟོད།

སྐྱེས་ཕོ་མོ་ཐོབ་ཐང་འདྲ་མཉམ་བསྟོད།

སྲིད་དམངས་གཙོའི་རང་དབང་སྤྱི་ཚོགས་བསྟོད།

བཟང་སྤྱོད་པའི་ཞི་བདེའི་འཚོ་བར་བསྟོད།

ཆོས་མི་རིགས་དབྱེར་མེད་མཛའ་མཐུན་བསྟོད།

དོན་དམ་པས་སྐྱེས་ཆེན་རྣམས་ལ་བསྟོད།།

 

 

འོ་ཡ་ ད་དེ་རིང་འདིར་འཛོམས་པའི་སྤུན་ཟླ་རྒན་གཞོན་བར་གསུམ་ཚང་མར་ལོ་གསར་གྱི་འཚམས་འདྲི་ཞུ། ཚང་མ་ལ་ལོ་གསར་བའི་ནང་དུ་ལུས་ལ་ན་ཚ་མེད་པར་བསམ་དོན་བཟང་པོ་རྣམས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། ལོ་སར་བཟང་།

 

འཛམ་གླིང་ས་ཆེན་ཡངས་པའི་དཀྱིལ་འཁོར་དུ།།

ཕན་དང་བདེ་བ་མ་ལུས་འབྱུང་བའི་གཉེན།།

ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཡི།།

སྐུ་ཚེ་ཞབས་བརྟན་བཞེད་དོན་ལྷུན་འགྲུབ་ཤོག།

མཉེས་གཤིན་བརྩེ་བས་འགྲོགས་ཐབས་འཚེ་མེད་ལམ།།

མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།།

འཇིགས་རུང་དྲག་མཚོན་མམ་ཆིས་ཞི་བདེའི་ཡུལ།།

བསྐྲུན་པའི་ཐབས་ཚུལ་སྒྲུབ་ལ་མཐུ་དཔུང་བསྐྱེད།།

 

མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། ཐེག་ཆེན་སྟོབས་ལྡན་གླང་བོ་རིན་པོ་ཆེ། །

ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །ཀུན་ལ་དབང་སྒྱུར་བློན་པོ་རིན་པོ་ཆེ། །

ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །ཐམས་ཅད་ཀུན་སྐྱེད་བཙུན་མོ་རིན་པོ་ཆེ། །

བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་གང་ཡིན་པ། །

དེ་དག་ཀུན་གྱིས་དེང་འདིར་བདེ་ལེགས་ཤོག །



༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php