ཐམས་ཅད་དགའ་ཞིང་ཀུན་ལས་འཕགས་པ།

 

 

 

༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་འཛམ་གླིང་ནའོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོར་ཕུལ་བ།

 

 

 

ངས་གནམ་སྔོན་པོ་འདི་ལས་ལྷག་པའི་ནམ་མཁའ་ཞིག་མཐོང་སྟེ།

དེ་ནི་ཁྱེད་ཀྱི་གཞལ་མཐའ་མེད་པའི་བྱང་སེམས་ཀྱི་མཁའ་དབྱིངས་ལགས།

ངས་ས་ཆེན་པོ་འདི་ལས་ལྷག་པའི་ས་གཞི་ཞིག་མཐོང་སྟེ།

དེ་ནི་ཁྱེད་ཀྱི་བླ་ན་མེད་པའི་མཛད་འཕྲིན་གྱི་ས་གཞི་ལགས།



ངས་རྟག་ཏུ་ནུབ་པ་མེད་པའི་ཉི་མ་ཞིག་མཐོང་སྟེ།

དེ་ནི་ཁྱེད་ཀྱི་འགྲན་ཟླ་མེད་པའི་ཤེས་རབ་ཀྱི་ཉི་མ་ལགས།

ངས་ནམ་ཡང་ཟུམ་པ་མེད་པའི་པད་མ་ཞིག་མཐོང་སྟེ།

དེ་ནི་ཁྱེད་ཀྱི་བལྟས་ན་མི་ངོམ་པའི་འཛུམ་ཞལ་གྱི་པད་མ་དཀར་པོ་ལགས།



ངས་ད་དུང་དུས་བཞི་ལ་འཇགས་པ་མེད་པའི་འབྲུག་སྒྲ་ཞིག་ཐོས་ཏེ།

དེ་ནི་ཁྱེད་ཀྱི་སྙན་ཞིང་འཇེབས་པའི་གསུང་དབྱངས་ཟབ་མོ་ལགས།

ངའི་སེམས་ན་ནམ་ཡང་བརྗེད་ཐབས་མེད་པའི་ནོར་བུ་ཞིག་ཡོད་དེ།

དེ་ནི་བཀའ་དྲིན་ཀུན་ལས་ཆེ་བ་རྒྱལ་བ་ཡིད་བཞིན་ནོར་བུ་ཁྱེད་ཉིད་ལགས།



ངའི་ལུས་ཀྱི་གུས་ཕྱག་འབུལ་ས་ཁྱེད་ཡིན་ལ།

ངའི་ངག་གི་མཆོད་པ་འབུལ་ས་ཡང་ཁྱེད་ཡིན།

ངའི་ཡིད་ཀྱི་དད་པའི་ལྷ་ཁང་ན་རྟག་ཏུ་བཞུགས་པ་ཡང་ཁྱེད་ཉིད་དེ།

རྒྱལ་བ་ཡིད་བཞིན་ནོར་བུ།

ཐམས་ཅད་དགའ་ས་ཁྱེད་ཉིད་དེ། ཀུན་ལས་འཕགས་པ་ཡང་ཁྱེད་ཉིད་ལགས།



དེ་བས། ང་ཚོས་དམ་ཚིག་གཙང་མའི་གསོལ་བ་ཞིག་འདེབས།

སྐུ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པར་སྨོན།

 

གསུང་འགག་མེད་ཆོས་ཀྱི་རོལ་མོར་འཁྲོལ་ཤོག།

༢༠༢༣ ༡༡ ༢༤

 

ཡིད་བཞིན་ནོར་བུ།

 

         ཉེ་འདབས་སུ།  རི་གྲོང་གི་དབུལ་ཕོངས་སེལ་བའི་ནོར་བུ།

                 རྒྱང་རིང་དུ།  སེམས་ཁམས་ཀྱི་མུན་པ་སེལ་བའི་སྒྲོན་མེ།

                            ཡིད་བཞིན་ནོར་བུ།

          གཉེན་ཉེ་ཚོར། ཆགས་པ་བྲལ་བའི་བརྩེ་ཆེན་གྱི་མ་ཡུམ་དམ་པ།

                   དགྲ་བོ་ཚོར། སྡང་སེམས་བྲལ་བའི་གཞོམ་མེད་ཀྱི་དགྲ་ཟླ་དམ་པ།

                             ཡིད་བཞིན་ནོར་བུ།

          རྒྱལ་ཁ་རྩོད་ནས་ཕམ་ཁ་མྱོང་བའི་སྤྱི་ཚོགས་འདིར།

                   ཕམ་ཁ་ཁུར་ནས་རྒྱལ་ཁ་ལེན་པའི་མཁས་མཛངས་ཁྱོད།

                             ཡིད་བཞིན་ནོར་བུ།

          ཚན་རིག་པས། ཁྱེད་ཀྱི་ཀླད་རྩ་ན་གསང་བ་ཞིག་འཚོལ་བར་རེ།

                   བོད་པ་ཚོས། ཁྱེད་ཀྱི་ཕྱག་འོག་ན་བྱིན་རླབས་ཤིག་ཡོད་པར་རེ།

                             ཡིད་བཞིན་ནོར་བུ།

          སྲིད་དོན་པས། བདེན་སྐྱོང་གི་སྲིད་དོན་པ་ཞིག་རྙེད་པ་ཁྱེད་གཅིག་པུ།

                   ཆོས་ལུགས་པས། རིས་མེད་ཀྱི་ཆོས་ལུགས་པ་ཞིག་བཀུར་བ་ཁྱེད་ཁོ་ན།

                             ཡིད་བཞིན་ནོར་བུ།

          མི་རིགས་ཀྱིས། རང་རིགས་ཀྱི་ལ་རྒྱ་རུ་འཕྱར་བའི་གཟི་བརྗིད་ཀྱི་དར་ཆ།

                   མིའི་རིགས་ཀྱིས། འཛམ་གླིང་གི་ལམ་མཁན་དུ་བསྟེན་པའི་ཞི་བདེའི་དེད་དཔོན།

                             ཡིད་བཞིན་ནོར་བུ།

          ཐུགས་སུ། གནམ་འོག་རང་ཡུལ་དུ་བསྒོམས་པས།

                   སྐུ་ལ། ས་སྟེང་རང་ཁྱིམ་དུ་གྱུར་བ།

                             གསུང་ལ། རིགས་དྲུག་གདུལ་བྱ་རུ་གྱུར།

                                      ཡིད་བཞིན་ནོར་བུ།

          ཀུན་གྱིས་ཕྱག་ཟུང་ཐལ་མོ་སྦྱོར་ས་ཁྱེད་ཉིད་ལགས་ཤིང།

                   ཀུན་ལ་ཕྱག་ཟུང་ཐལ་མོ་སྦྱོར་མཁན་ཡང་ཁྱེད་ཉིད་ལགས།

                             ཡིད་བཞིན་ནོར་བུ།

          མི་ཀུན་དགོད་རེས་ངུ་རེས་ཉི་མ་འཕུད།

                   ཁྱེད་ཀྱིས་མཉེས་གཤིན་འཛུམ་གྱིས་མི་ཚེ་བརྒལ།

                             ཡིད་བཞིན་ནོར་བུ།

          འཕགས་པའི་ཞིང་ཁམས་ཤིག་ན་ཕྱག་སྟོང་སྤྱན་སྟོང་གི་འཕགས་པ་ཞིག་བཞུགས་སྐད།

                   མི་ཡུལ་གངས་ཅན་ལྗོངས་ལ་ཕྱག་ཟུང་སྤྱན་ཟུང་གི་སེམས་དཔའ་ཞིག་འཁྲུངས་འདུག

          བླ་མ་ཀུན་གྱི་བླ་མ། ཉི་མ་ཀུན་གྱི་ཉི་མ།

                   དེ་ནི་ཁྱེད་ཉིད་ལགས། ཡིད་བཞིན་ནོར་བུ།

          ད་ལྟ་བའི། དད་འདུན་སྐོང་བའི་ཡིད་བཞིན་ནོར་བུ།

                   མ་འོངས་པར། འབྱོན་པར་དཀའ་བའི་དཔག་བསམ་ལྗོན་པ།

                             ཡིད་བཞིན་ནོར་བུ།

          ཤར་ནས་ཚེས་པའི་དུང་ཟླ་འཁྱམ་པོ།

                   ནུབ་ནས་ཤར་བའི་ཉི་མ་འོད་ཆེན།

                             རྒྱལ་བ་ཡིད་བཞིན་ནོར་བུ།

 

 

ཡིག་འབྲུ་གཉིས།

ང་དགའ་སའི་ཡིག་འབྲུ་གཉིས།
ཁྱེད་ཅག་དགའ་སའི་ཡིག་འབྲུ་གཉིས།
ང་ཚོ་ཚང་མ་དགའ་སའི་ཡིག་འབྲུ་གཉིས།
སེམས་ཅན་ཐམས་ཅད་དགའ་སའི་ཡིག་འབྲུ་གཉིས།
རང་དབང། རང་དབང་། རང་དབང། 
ང་ཡིག་འབྲུ་འདི་གཉིས་མེད་པའི་ས་ཆ་ཞིག་ནས་ཡོང།
ས་དེ་ལ་གངས་ཅན་བོད་ཡུལ་ཟེར།
ས་དེ་ན་ཆོས་ལྡན་བོད་པ་འཚོ།
ཁྱེད་ཚོས་གོ་མྱོང་ཡོད།
ང་ཡིག་འབྲུ་འདི་གཉིས་འཚོལ་དུ་ས་མཐར་འཁྱམས།
རྒྱ་གར། ཧྥ་རན་སི། ཁ་ན་ཊ། ཨ་མེ་རི་ཀ 
ང་ཚོ་རང་དབང་གི་རྒྱལ་ཁབ་ཀུན་ལ་འཁྱམས།
ཁྱེད་ཚོས་མཐོང་ཡོད།
ཡིག་འབྲུ་འདི་གཉིས།
ང་ཚོར་ལྷན་སྐྱེས་ནས་ཡོད་དགོས།
དེ་སུ་ཞིག་ལ་ཡང་འཕྲོག་པའི་དབང་ཚད་མེད།
ཡིན་ན་ཡང།
མི་ཡུལ་དུ་བཙན་འཛུལ་བ་ཡོད་པས།
ཁྲིམས་མེད་ལུགས་མེད་ཀྱི་དབང་ཤུགས་ཅན་མང་བས།
ང་ཚོ་ཉམ་ཆུང་གི་མི་རིགས་གང་མང་ཞིག
ལྷན་སྐྱེས་ཀྱི་ཐོབ་ཐང་འདི་ཡང་མེད།
སྨྲ་བརྗོད་རང་དབང་མེད། 
འགྲོ་སྡོད་རང་དབང་མེད།
རང་ཡུལ་རང་བདག་གི་ཐོབ་ཐང་མེད།
རང་རིགས་རང་སྐྱོང་གི་བདག་དབང་མེད།
ངས་ཡིག་འབྲུ་འདི་གཉིས་འཚོལ་གྱིན་ཡོད།
ངའི་མི་རིགས་ལ་ཡིག་འབྲུ་འདི་གཉིས་ཧ་ཅང་མཁོ།
འདི་ནི་འགྲོ་བ་མིའི་མ་མཐའི་འཚོ་བའི་ཆ་རྐྱེན་དེ་ཡིན།
འཚོ་བའི་བདེ་སྐྱིད་ངོ་མ་རང་དབང་ཡིན།
དམངས་གཙོའི་ཁྱད་ཆོས་ངོ་མ་རང་དབང་ཡིན།
རང་དབང་། རང་དབང་། རང་དབང་།
་་་ ་་་
རང་དབང་དང་དམངས་གཙོའི་ཚོགས་ཆེན་གྱི་དགོང་ཚོགས་སུ་ཕུལ་བ། ༢༠༡༨/༡༠/༠༩
ཆང་དང་སྙན་དངགས་ཀྱི་མཆོད་པ།
 
ང་དགའ་ས་གཅིག་ནི།
ཧྥ་རན་སིའི་རྒུན་ཆང་དམར་པོ་ཡིན།
རྒུན་ཆང་གི་བཟི་ཁ་ཡིས།
སྙན་དངགས་པའི་ཚོར་སྣང་རབ་ཏུ་བསྐྱེད།
དོ་དགོང་ངས་བཟི་ཁ་དང་ཚོར་སྣང་བསྡེབས་ཤིང་།
ལག་ཟུང་གིས་ཆང་ཕོར་འདི་གནམ་ལ་བཏེགས་ནས།
དཀོན་མཆོག་ལ་བདུད་རྩི་ཆང་གི་མཆོད་གསུམ་འབུལ།
སྙན་དངགས་པ་ཞིག་གི་རྣམ་ཤེས་དེར།
དཀོན་མཆོག་གིས་བྱིན་རླབས་གནང་རོགས་ཞུ།
རྒྱུ་མཚན་ནི།
དཀོན་མཆོག་གི་བརྩེ་བ་དང་ཤེས་རབ་ནི།
སྙན་དངགས་པ་གང་མང་ཞིག་གི་རེ་སྙེག་ཡིན།
ང་དགའ་ས་གཅིག་ནི།
དབྱངས་གསལ་སོ་བཞིའི་སྙན་དངགས་ཡིན།
སྙན་དངགས་ཀྱི་མཛེས་པ་ཡིས།
སྙན་དངགས་པའི་རེ་སྨོན་ཆེས་ཆེར་འཕགས།
དོ་ནུབ་ངས་རེ་སྨོན་དང་མཛེས་པ་བསྡེབས་ཤིང་།
སྤོབས་སེམས་ཀྱི་མགྲིན་པ་གཟེངས་སུ་བསྟད་དེ།
སྤུན་ཟླ་ཡོངས་ལ་སྙན་དངགས་ཀྱི་མཆོད་པ་ཞིག་འབུལ།
སྙན་དངགས་པ་ཞིག་གི་ལེགས་སྐྱེས་འདིས།
སྤུན་ཟླ་ཚོར་སྤྲོ་སྣང་ཐེངས་གཅིག་སྦྱིན་པར་བྱེད།
རྒྱུ་མཚན་ནི།
མཛེས་སྡུག་དང་རེ་སྨོན་ནི།
སྙན་དངགས་གང་མང་ཞིག་གི་བླ་སྲོག་ཡིན།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php