བོད་གྱེར་བ།

གནའ་སྔ་མོ་ཞིག་ལ།

གངས་རི་མཐོན་པོ་ཞིག་གི་དབུ་རྩེ་སྤྲིན་གསེབ་ཏུ་ཟུག་ཅིང་།

གངས་སེང་དཀར་མོ་ཞིག་གི་གད་རྒྱངས་གནམ་མཐའ་རུ་བསྒྲགས་སྐད།

གནའ་སྔ་མོ་ཞིག་ལ།

གཙང་ཆབ་སྔོན་མོ་ཞིག་གི་བཞུར་རྒྱུན་རྒྱ་མཚོ་རུ་འདྲེས་ཤིང་།

གསེར་མིག་ཉ་མོ་ཞིག་གི་འཁྱུག་རྩལ་རླབས་རྩེ་རུ་འཕྱོ་ཟེར།

 

གནའ་སྔ་མོ་ཞིག་ལ།

སྨུག་མདོག་གི་རི་ལུང་ཆེན་པོ་ཞིག་ནགས་ཚལ་གྱིས་ཁྱབ་ཅིང་།

སྔོ་ལྗང་གི་སྤང་ཐང་ཡངས་པོ་ཞིག་མེ་ཏོག་གིས་ཁེངས་ཟེར།

གནའ་སྔ་མོ་ཞིག་ལ།

སྟོད་ཀྱི་རི་ལུང་ཀུན་ལ་རྟ་ནོར་ལུག་གསུམ་གྱིས་ཁྱབ་ཅིང་།

སྨད་ཀྱི་ཞིང་ཐང་ཡོངས་སུ་འབྲུ་རིགས་སྣ་ལྔ་ཡིས་ཁེངས་ཟེར།

 

གནའ་སྔ་མོ་ཞིག་ལ།

དམག་རྟ་ཁྲི་ཕྲག་གི་རྨིག་པས་གོ་ལའི་རྔ་ཆེན་དེ་བརྡུངས་ཤིང་།

བཟོ་བོ་བརྒྱ་ཕྲག་གི་ཕྱག་གིས་ལྷ་ཡི་ཕོ་བྲང་ཞིག་བཞེངས་མྱོང་།

གནའ་སྔ་མོ་ཞིག་ལ།

དབྱངས་གསལ་སོ་བཞི་ཡི་འཕྲུལ་གྱིས་དམ་པའི་གསུང་རབ་ཅིག་བསྒྱུར་ཅིང་།

ལྷ་ཆོས་མི་ཆོས་ཀྱི་ཁྲིམས་ཀྱིས་ཞི་བདེའི་དགའ་སྟོན་ཞིག་བསུས་མྱོང་།

 

ཡིན་ན་ཡང་དེ་རིང་།

དེ་དག་ནི་བྱིས་པ་ཚོར་བཤད་རྒྱུའི་ལྷ་སྒྲུང་སྙན་མོ་ཞིག་དང་འདྲ་ལ།

དེ་དག་ནི་རྒན་རྒོན་ཚོས་གླེང་རྒྱུའི་འཆི་ཁའི་ཁ་ཆེམས་ཤིག་དང་ཡང་འདྲ།

ཡིན་ན་ཡང་དེ་རིང་།

ང་ཚོས་ལྷ་སྒྲུང་དེ་དག་མི་རབས་གསར་བའི་བློ་སྤོབས་ཤིག་ཏུ་སྒྱུར་ཆོག་ལ།

འུ་ཚོས་ཞལ་ཆེམས་དེ་དག་དུས་རབས་གསར་བའི་འགན་ཁྲི་ཞིག་ཏུ་ལེན་ཡང་ཆོག

 

ང་ཚོའི་ཕུགས་འདུན་ནི།

བོད་གངས་ཅན་པའི་རང་ཡུལ་རང་སྐྱོང་གི་རང་དབང་དེ་ཡིན་ལ།

བོད་གངས་ཅན་པའི་སྣོད་བཅུད་མ་ཉམས་སླར་གསོ་བྱ་རྒྱུ་དེ་ཡིན།

ང་ཚོའི་འོས་འགན་ནི།

ཕ་སྐད་དང་ཡི་གེ་དབྱངས་སུ་གྱེར་ཏེ་བདེན་པ་བདར་ཐུབ་དགོས་ལ།

འདྲ་མཉམ་དང་ཞི་བདེ་སེམས་སུ་བཅངས་ཏེ་རང་དབང་རྩོད་དགོས།

 

ཀྱེ་ཀྱེ་གངས་ཅན་པ།

མདོ་སྟོད་མགོ་ནག་མི་ཡི་དཔའ་རྩལ་ད་དུང་ཉམས་མེད་སླར་ཡང་ངོམ་དགོས།

མདོ་སྨད་གྱི་ལིང་རྟ་ཡི་བང་རྩལ་ད་རུང་ཉམས་མེད་སླར་ཡང་འགྲན་དགོས།

དབུས་གཙང་དམ་པ་ཆོས་ཀྱི་འོད་སྣང་ད་དུང་གཟིམ་མེད་སླར་ཡང་སྤྲོ་དགོས།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php