༄༅།གཞས་ཀྱི་ལེའུ།

 

 

          གཞས། མགྲིན་ངག་གི་འགྱུར་ཁུག་ལ་འདྲེས་པའི་བརྩེ་སེམས་ཀྱི་རང་མདངས་ཟབ་མོ།

          འདི་ནི། མི་རིགས་སོ་སོའི་མཛེས་སྡུག་གི་འཛུམ་ཞལ་དྭངས་མ་དང༌། མིའི་རིགས་ཐུན་མོང་གི་མེད་ཐབས་མེད་པའི་འཚོ་བའི་མངར་ཁ་ཡིན། 

 

 བཀྲ་བའི་ཁ་དོག་ཀུན་ལས་མེ་ཏོག་དཀར་པོ་མཛེས།།

ཤིས་པའི་བྱ་གཞག་ཀུན་ལས་ཨ་མའི་དྲིན་གཟོ་མཆོག།

བདེ་བའི་འཚོ་བའི་ནང་ནས་དགེ་བའི་འབྲས་བུ་སྐྱིད།།

ལེགས་ཚོགས་འདོད་རྒུའི་རྩ་བ་བྱམས་བརྩེའི་ཨ་མར་འདུད།། 

 

 



 

རྒྱལ་བའི་ཐུགས་སྲས་ཆེན་པོ།





སྔོན་བསགས་ཐུགས་བསྐྱེད་ཁྱད་འཕགས།།

དུས་སུ་སྨིན་པའི་སྐྱེས་ཆེན།།

མཁས་བཙུན་བཟང་གསུམ་ལྷུན་གྲུབ།།

བླ་མ་བློ་བཟང་བསྟན་འཛིན།།



གངས་ཅན་མགོན་པོའི་བཀའ་དགོངས།།

སྒྲུབ་པའི་དཔའ་མཛངས་ལྷུན་གྲུབ།།

གངས་ཀྱི་སེང་ཆེན་དཀར་མོ།།

འགྲན་མེད་བཀའ་ཁྲི་ཟམ་གདོང་།།



རང་གཞན་རིག་གནས་ཀུན་ལ།།

མཁྱེན་དཔྱོད་སྤོབས་པ་ལྷུན་གྲུབ།།

སྨྲ་བའི་དབང་ཕྱུག་ཆེན་པོ།།

ཟམ་གདོང་མཁས་པའི་གཙུག་རྒྱན།།



བླ་མ་ཟམ་གདོང་སྤྲུལ་སྐུ།།

ལུགས་གཉིས་སྐྱོང་བའི་དྲིན་ཆེན།།

རྒྱལ་བའི་ཐུགས་སྲས་ཆེན་པོ།།

སྐུ་ཚེ་ཞབས་པད་བརྟན་ཤོག།



 

 

 

 

ཞི་བདེའི་དབྱངས།

 

 

 

 

 

ང་ཡིས་ཁྱེད་རང་འཛུམ་གྱིས་བསུས། ཁྱེད་ཀྱིས་ང་ལ་དགའ་བས་གཟིགས།  

འཛུམ་མདངས་དང་དགོད་སྒྲ་ལྷན་ཅིག འདི་ནི་ཞི་བདེའི་དབྱངས་སྙན་ཡིན།

 

 

ཁྱོད་ཀྱིས་ང་ལ་དོན་ཞིག་བཅོལ། ང་ཡིས་ཁྱོད་ལ་རོགས་ཤིག་བྱས། 

ཡིད་ཆེས་དང་རོགས་རམ་གཙང་མ། འདི་ནི་ཞི་བདེའི་གྲོགས་པོ་ཡིན།

 

སྡུག་བསྔལ་མི་འདོད་གཅིག་ཡིན། བདེ་བ་འདོད་པ་གཅིག་ཡིན། 

བྱམས་བརྩེ་དང་སྙིང་རྗེ་ཆེར་སྐྱེད། འདི་ནི་ཞི་བདེའི་ལམ་བཟང་ཡིན།

 

ཁྱེད་ནི་ཞི་བདེའི་དེད་དཔོན། ང་ནི་ཞི་བདེའི་སློབ་མ། 

རེ་སྨོན་དང་འཚོལ་སྙེག་གཅིག་པ། འདི་ནི་ཞི་བདེའི་ཁྱིམ་གཞི་ཡིན། 

 

 

༢༠༡༦ ༨ ༡༤ 

 

༄།གངས་ཅན་བོད་ཀྱི་ཉི་མ།

 

རྒྱལ་བ་ཡིད་བཞིན་ནོར་བུ། གངས་ཅན་བོད་ཀྱི་ཉི་མ།

ཁྱེད་མེད་ན་བོད་ལ་དྲོད་སྐྱིད་མེད། ང་ཚོ་འཁྱག་གྲངས་ལས་སྐྱོབ་ཕྱིར།

ནམ་ཡང་མི་ནུབ་འཆར་བར་སྨོན།

 

རྒྱལ་བ་ཡིད་བཞིན་ནོར་བུ། འཛམ་གླིང་ཞི་བདེའི་དུང་ཟླ།

ཁྱེད་མེད་ན་གླིང་འདིར་བསིལ་གྲིབ་མེད། འཇིག་རྟེན་ཚ་གདུང་ལས་སྐྱོབ་ཕྱིར།

ནམ་ཡང་མི་ནུབ་འཆར་བར་སྨོན།

 

ཆོས་སྲིད་བཀའ་སློབ་བཟང་པོ། འདི་ཕྱི་གཉིས་ཀྱི་ལམ་སྟོན།

སྤུན་ཟླ་མི་རིགས་མཐའ་དག ཕན་བདེའི་ལམ་བཟང་ཡངས་པོར།

དཔུང་གདང་སྦྲེལ་ནས་སྐྱོད་ཤོག །

 

 

 

ཉི་མ་དང་གངས་ཆབ།

 

 

གསེར་མདོག་གི་ཉི་མ་འོད་ཆེན།

ཤར་ནུབ་ལ་ཕྱོགས་རིས་མི་འདུག

འོད་སྣང་གི་དྲོད་ཁོལ་ཡངས་པོས།

སྣོད་བཅུད་ཀྱི་རྒུད་པ་སེལ་སོང།

ཞི་བདེ་ཡི་མགོན་སྐྱབས་དམ་པ།

གསེར་མདོག་གི་ཉི་མ་ཡིན་སོང་།

 

དྭངས་བསིལ་གྱི་གངས་ཆབ་སྔོན་མོ།

རི་ལུང་ལ་ཁྱད་པར་མི་འདུག

ཆལ་ཆིལ་གྱི་བཞུར་རྒྱུན་རིང་མོ། 

སྐྱེ་དགུ་ཡི་བདུད་རྩི་ཡིན་སོང་།

བྱམས་བརྩེ་ཡི་བདག་མོ་དམ་པ།

དྭངས་བསིལ་གྱི་གངས་ཆབ་ཡིན་སོང་།

 

 

༢༠༢༠//༡༠ ཉིན་མོར་ཕུལ།

 

 

རིན་པོ་ཆེ།

 
 
ཆོས་བཀའ་འགྱུར་བསྟན་འགྱུར་རིན་པོ་ཆེ།
ཚེ་འདི་ཕྱིའི་ལམ་སྟོན་སྒྲོན་མེ་མཆོག
ས་འཛམ་བུ་གླིང་གི་སྤྱི་ནོར་རེད།
བདག་བྱོས་དང་བདག་པོ་ཁྱོད་ཚོ་རེད།
དབྱངས་གསལ་བྱེད་སུམ་ཅུ་རིན་པོ་ཆེ།
ཆོས་གསུང་རབ་རྒྱ་མཚོའི་ལྡེ་མིག་རེད།
བོད་ཁ་བ་ཅན་གྱི་གཅེས་ནོར་ཡིན།
བདག་བྱེད་དགོས་བདག་པོ་ང་ཚོ་ཡིན།
 
མགོན་ཞི་བདེའི་དེད་དཔོན་རིན་པོ་ཆེ།
ཆོས་འཇིག་རྟེན་གསལ་བྱེད་ཡིད་བཞིན་ནོར།
མི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཡིན།
གསུང་རྩིས་དང་རང་གཞན་ཀུན་ཕན་ཡིན།།
 

 

༢༠༢༡་༠༣་༢༢

 

 

 

བཀྲ་ཤིས་ཉི་ཟླ་སྐར་གསུམ།

 

 

 

 

སེར་གྱི་ལེར་ཉི་མ་ཤར་འདྲ་བོ། དཔེ་བཞག་ན་རྩ་བའི་བླ་མ་རེད།

སྐུ་གཟི་བྱིན་ཉི་མ་ཤར་འདྲ་རེད། གསུང་སྙན་མོ་སྣང་བ་རང་གྲུབ་རེད།

ཁོང་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག

དཀར་གསལ་ལེར་དུང་ཟླ་ཤར་འདྲ་བོ། དཔེ་བཞག་ན་བྱམས་ལྡན་ཕ་མ་རེད།

ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད། ཚིག་སྙན་མོ་སྣང་བ་རང་གྲུབ་རེད།

ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག

ཁྲ་ཆིལ་ལེར་སྐར་ཚོགས་ཤར་འདྲ་བོ། དཔེ་བཞག་ན་བོད་རིགས་སྤུན་ཟླ་རེད།

བློ་རིག་པ་སྐར་ཚོགས་ཤར་འདྲ་རེད།ནང་མཐུན་སྒྲིལ་འོད་མདངས་རང་གྲུབ་རེད།

ལས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག།

 

 

 

 ས་མཐའི་བོད་ཕྲུག

 

 

ཀ༽
ང་ཚོའི་ཤ་ཁྲག་བོད་ཀྱི་རིགས་རྒྱུད་ཡིན།།
ཆོས་དང་སྲིད་ཀྱི་མངའ་ཁོངས་དར་ས་ཡིན༎
སྐད་དང་ཡི་གེའི་ལོ་རྒྱུས་རིང་ས་ཡིན༎
མི་རབས་གསར་བ་བོད་ཀྱི་རྒྱུད་འཛིན་ཡིན༎
ཁ༽ 
ང་ཚོ་ས་མཐའི་བོད་ཀྱི་ཕྲུ་གུ་ཡིན༎
འཚོ་ས་རང་དབང་ཕྱི་གླིང་རྒྱལ་ཁམས་ཡིན༎
སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ལེགས་འགྲིམས་ཏེ༎
མ་འོངས་གངས་རིའི་ལྗོངས་སུ་ལེགས་སྐྱེས་འབུལ༎
ག༽
ང་ཚོའི་སེམས་པ་གངས་ལྷ་མེ་ཏོག་ཡིན༎
བྱམས་དང་སྙིང་རྗེའི་མེ་ཏོག་དཀར་པོ་ཡིན༎
སུ་ལ་མཚོན་ན་མེ་ཏོག་མཛེས་སྡུག་ཡིན༎
གངས་ལྷ་མེ་ཏོག་དཀར་པོ་གངས་རིའི་རྒྱན༎
ང༽
ང་ཚོའི་རིག་པ་ཐང་དཀར་རྒོད་ཕྲུག་ཡིན།
གནའ་དེང་ཤེས་བྱའི་འདབ་གཤོག་གཉིས་ལྡན་ཡིན༎
བློ་དང་བརྩོན་པའི་གཤོག་རྩལ་ངོམ་མཁན་ཡིན༎
ཐང་དཀར་རྒོད་ཕྲུག་གངས་རིའི་གཅེས་ཕྲུག་ཡིན༎
 
ཅ༽
ང་ཚོ་ཐང་དཀར་རྒོད་པོའི་ཕྲུ་གུ།
འཕུར་ས་ཡ་གིའི་མཁའ་དབྱིངས་མཐོན་པོ།།
སྤྲིན་དཀར་ཆེན་པོའི་བང་རིམ་གཤགས་ཏེ༎
ཤར་ཕྱོགས་གངས་རིའི་ལྗོངས་སུ་འཕུར་འགྲོ།

 

བསྟན་པ་དར་གླུ

སྟག་ཤ་ར་དགའ་ས་མཐོན་པོའི་རི། རི་མཐོན་པའི་རྩེ་ནས་བསང་ཞིག་ཕུད། སྟོད་རྫ་ལུང་གང་བའི་ཀི་ཞིག་བཏབ། ལྷ་ཆོས་སྐྱོང་སྲུང་མ་གྲོགས་སུ་བྱོན། བུ་དཔའ་བོའི་རླུང་རྟ་དེ་ནས་འཕུར།


སྨན་བུ་མོ་དགའ་ས་དམའ་མོའི་ཐང། ཐང་དམའ་མོའི་དཀྱིལ་ནས་མཆོད་ཅིག་ཕུད། སྨད་མཚོ་མཐར་ཁྱབ་པའི་གླུ་ཞིག་བླངས། བྱ་རི་དྭགས་ཕྱུགས་རིགས་གཡང་དུ་འདུས། སྨན་མཛངས་མའི་ཁ་ལས་དེ་ནས་དགེ།

རྗེ་བླ་མ་དགའ་ས་ཆོས་ལྡན་བོད། བོད་ཆོས་ལྡན་ཞིང་ནས་ཆོས་ཤིག་བསླབས། ས་འཛམ་གླིང་སྨོན་པའི་གཏམ་ཞིག་བཤད། རིགས་མི་གཅིག་མི་རིགས་འཁོར་དུ་འདུས། རྗེ་བླ་མའི་བསྟན་པ་དེ་ནས་དར། 

ལོ་གསར་རྟེན་འབྲེལ་གྱི་གླུ

གནམ་སྔོན་པོ་ཚང་གི་ལོ་གསར་ལ། དགུང་ཉི་ཟླ་སྐར་གསུམ་མགྲོན་དུ་ཕེབས། འབྲུག་ལྗང་ལོ་དགའ་ནས་གླུ་ཞིག་བླངས། སྐད་སྙན་གྲགས་གནམ་འོག་ཀུན་ལ་ཁྱབ། ཕྱུགས་ལོ་ཏོག་འཕེལ་གི་རྟེན་འབྲེལ་རེད།
བོད་ཁ་བ་ཅན་གྱི་ལོ་གསར་ལ། གླིང་བླ་དཔོན་འབངས་གསུམ་མགྲོན་དུ་ཕེབས། སྨན་འབྲུག་མོ་དགའ་ནས་གླུ་ཞིག་བླངས། གསུང་སྙན་མོ་འཛམ་གླིང་ཡོངས་ལ་ཁྱབ། སྲིད་མངའ་ཐང་རྒྱས་བའི་རྟེན་འབྲེལ་རེད།

ལོ་གསར་ཤིས་གླུ

དུས་དེ་རིང་བོད་ཀྱི་ལོ་གསར་རེད། ཟས་གང་ཞིམ་སྡེར་ཁ་སྒྲིག་ཉིན་རེད།
གོས་གང་ཡག་གོན་ནས་བཀྲ་ཤིས་ཤོག 
དུས་དེ་རིང་ཧོར་གྱི་ལོ་གསར་རེད། རྟ་ཞོན་ནས་ལོ་སྐལ་སྐྱེལ་ཉིན་རེད།
གླུ་བྲོ་གར་རྩེད་འཇོས་བཀྲ་ཤིས་ཤོག
དུས་དེ་རིང་ཤར་གླིང་ལོ་གསར་རེད། གཡང་དཀར་མོ་ལུག་གི་ཚེས་ལོ་རེད།
སྟོབས་མངའ་ཐང་ཞི་བདེས་བཀྲ་ཤིས་ཤོག



འབྲོག་ཕྲུག་ངར་བ།


གཡག་གི་རྒྱབ་ན་ཅི་ཞིག་འདུག
གཡག་གི་རྒྱབ་ན་པི་ཝང་ཞིག
པི་ཝང་འཁྲོལ་མཁན་སུ་ཞིག་རེད། 
པི་ཝང་འཁྲོལ་མཁན་འབྲོག་ཕྲུག་རེད། 
འབྲོག་ཕྲུག་རྡུང་ལེན་སྙན་རེ་ལྟོས།

རྟ་མཆོག་རྒྱབ་ན་ཅི་ཞིག་འདུག

རྟ་མཆོག་རྒྱབ་ན་པར་ཆས་ཤིག
པར་ཆས་བཀོལ་མཁན་སུ་ཞིག་རེད། 
པར་ཆས་བཀོལ་མཁན་འབྲོག་ཕྲུག་རེད། 
འབྲོག་ཕྲུག་འདྲ་པར་ཡག་རེ་ལྟོས།

འབྲོག་རྩྭ་ཐང་སྟེང་ན་ཅི་ཞིག་འདུག
འབྲོག་རྩྭ་ཐང་སྟེང་ན་འཕྲུལ་ཆས་མང།
འཕྲུལ་ཆས་བཀོལ་མཁན་སུ་ཞིག་རེད།
འཕྲུལ་ཆས་བཀོལ་མཁན་འབྲོག་ཕྲུག་རེད།
འབྲོག་ཕྲུག་ལག་རྩལ་ངར་རེ་ལྟོས།

ལྷག་དཀར།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php