ཁུ་ཚུར་གཅིག

 

བོད་དང་སོག་པོ་ཡུ་གུར་དང།

རྒྱ་དང་མན་ཇུ་མི་རིགས་ལྔ།

ལག་པ་གཅིག་གི་མཛུབ་མོ་འདྲ།

མཛུབ་མོ་ལྔ་བཅངས་ཁུ་ཚུར་གཅིག

ཁུ་ཚུར་ལྕགས་གོང་དམ་དུ་སྒྲེང།

དྲག་པོའི་དཔུང་ལ་འཇིགས་པ་མེད།

 

བོད་སོག་ཡུ་གུར་མན་ཇུ་སོགས།

ལོ་རྒྱུས་ལྡན་པའི་མི་རིགས་ཡིན།

སྐྱིད་སྡུག་གཅིག་པའི་མི་རིགས་ཡིན།

ཐོབ་ཐང་འདྲ་མཉམ་མི་རིགས་ཡིན།

མི་རིགས་ཚང་མའི་རེ་སྨོན་གཅིག

དམངས་གཙོའི་རྒྱལ་དར་མཁའ་ལ་སྒྲེང།

 

 

མི་དང་མི་རིགས་འདྲ་མཉམ་ཡིན།

རང་དབང་ཐོབ་ཐང་ཀུན་ལ་དགོས།

འཚེ་མེད་ཞི་བའི་ངོ་རྒོལ་ཆེའི།

བདེན་དོན་རྩོད་པའི་འཐབ་རྩོད་འདིར།

འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་མཛོད།

རྒྱ་ནག་དམར་ཤོག་ཕམ་གྱུར་ཅིག།

 

  ༢༠༡༡།༡༡།༨།

 འཁང་གཞས་ཆེན་མོ།

 

༡༽ མགོན་པོ་འོད་དཔག་མེད་ལགས། བདེ་བ་ཅན་ལ་བཞུགས་ཟེར། དེ་སྲས་པཎ་ཆེན་བླ་མ། མི་ཡུལ་བཙོན་རར་བཞུགས་འདུག སངས་རྒྱས་འདི་འདྲ་ཡིན་ན། མི་ཡུལ་ཕེབས་ནས་ཅི་བྱེད། སུ་ཡིས་སུ་ཞིག་སྐྱོབ་རྒྱུ།

 

༢༽ པཎ་ཆེན་སྣང་བ་མཐའ་ཡས། འོད་ཟེར་སྤྲོ་རྒྱུ་མིན་ན། མུན་ནག་ནང་གི་ང་ཚོས། རང་ལུས་མཆོད་མེར་སྦར་ནས། གསོལ་བ་སྨོན་ལམ་བཏབ་པ། དོན་མེད་སྡུག་གྱོང་མིན་ནམ། ཐུགས་རྗེའི་སྤྱན་ཆབ་གང་ན།

 

༣༽ བདེ་ལྡན་ཞིང་གི་མགོན་པོ། སྤྱན་རས་གཟིགས་དབང་རྣམ་སྤྲུལ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་ཡུལ་འཁྱམ་ཚུལ་བསམས་ན། ཕྱག་སྟོང་སྤྱན་སྟོང་དེ་ཡང། དེ་ག་ཙམ་ཞིག་རེད་ཨང། སྙིང་རྗེ་ཕར་སྐྱེ་ཚུར་སྐྱེ།

 

༤༽ གཅིག་ནི་ཚེ་གང་འཁྱམ་པོ། གཅིག་ནི་ཚེ་བཙོན་ཉམ་ཆུང། རྒྱལ་བ་པཎ་ཆེན་རྣམ་གཉིས། བསྟན་འགྲོའི་དོན་ཆེན་ཕར་ཞོག བོད་མིའི་བདེ་སྡུག་ཚུར་ཞོག རང་མགོ་ཐོན་པ་གནང་དང། ང་ཚོའི་བློ་སེམས་བདེ་འོང།

 

༥༽ ད་ནས་ལྷ་ལ་མི་རེ། སྨོན་ལམ་སྟོང་བ་མི་འདེབས། དམར་ཕྱོགས་འདྲེ་ལ་མི་རྒོལ། རང་ལུས་གསོན་སྲེག་མི་བྱེད། གཞན་དབང་ལྕགས་སྒྲོག་སྔོན་མོ། སྐེ་ལ་རྒྱན་དུ་བཅངས་ཏེ། འཆི་བདག་ཁྲིམས་ལ་སྒུག་ཆོག    

 

ང་ཚོ་ཚང་མའི་བོད།


འཛམ་གླིང་གི་ཡང་རྩེ་གངས་ཅན་ལྗོངས། ས་བཟང་ཆུ་བཟང་ཚང་མ་བཟང།

བོད་ཡུལ་འདི་ང་ཚོ་ཚང་མའི་ཡིན། སྲུང་སྐྱོབ་གནང་རོགས་བདག་པོ་རྒྱག་རོགས།

བོད་ཡུལ་འདི་ང་ཚོ་ཚང་མའི་ཡིན། སྲུང་སྐྱོབ་གནང་རོགས་བདག་པོ་རྒྱག་རོགས།


ཡ་རབས་ཀྱི་ཡང་རྩེ་བོད་མི་རིགས། ཆོས་བཟང་སེམས་བཟང་ཚང་མ་བཟང།

མི་རིགས་འདི་ང་ཚོའི་མི་རིགས་ཡིན། ལ་རྒྱ་འཛིན་རོགས་མིག་དཔེ་སྟོན་རོགས།

མི་རིགས་འདི་ང་ཚོའི་མི་རིགས་ཡིན། ལ་རྒྱ་འཛིན་རོགས་མིག་དཔེ་སྟོན་རོགས།


ཞི་བདེ་ཡི་དེད་དཔོན་ཏཱ་ལའི་བླ་མ། གསུང་བཟང་མཛད་བཟང་ཐམས་ཅད་བཟང།

བླ་མ་འདི་ང་ཚོ་ཚང་མའི་ཡིན། གསུང་ལ་ཉན་རོགས་གསོལ་བ་འདེབས་རོགས།

བླ་མ་འདི་ང་ཚོ་ཚང་མའི་ཡིན། གསུང་ལ་ཉན་རོགས་གསོལ་བ་འདེབས་རོགས།


རི་མཐོན་པོ་ཧི་མ་ལ་ཡ།


རི་མཐོན་པོ་གཅིག་དང་མཐོན་པོ་གཉིས།

རི་མཐོན་པོ་ཧི་མ་ལ་ཡ་རེད།

འདིའི་རྩེ་མོ་སྤྲིན་དཀར་ཀློང་ལ་ཟུག

དགུང་ཉི་མ་ཟླ་བས་དབུ་རྒྱན་བཞེས།

ཆོས་བསྟན་པ་དར་བའི་རྟེན་འབྲེལ་རེད།

འདི་སྔར་ལས་མཐོ་བའི་སྨོན་ལམ་འདེབས།

འགྲོ་ཀུན་ལ་དགེ་བསོད་འཕེལ་བར་ཤོག


ཆུ་ཆེན་པོ་གཅིག་དང་ཆེན་པོ་གཉིས།

ཆུ་ཆེན་པོ་རྨ་ཀླུང་རིང་མོ་རེད།

འདིའི་ཆུ་རྔ་རྒྱ་མཚོའི་གཏིང་ལ་ཟུག

ནོར་རིན་ཆེན་གཏེར་གྱི་བང་མཛོད་ཕྱེས།

སྲིད་མངའ་ཐང་དར་བའི་རྟེན་འབྲེལ་རེད།

འདི་སྔར་ལས་རིང་བའི་སྨོན་ལམ་འདེབས།

འགྲོ་ཀུན་ལ་བདེ་སྐྱིད་ལྡན་པར་ཤོག།


སྐད་ཡིག་གཅིག་གི་མི་རིགས།


ང་ཚོ་བོད་འབྲུག་ལ་དྭགས།

ཧི་མ་ལ་ཡ་ཡི་སྤུན་སྲིང།

ས་ཆུ་གཅིག་ལ་མཉམ་སྤྱོད།

གནའ་ནས་ད་བར་ཁྱིམ་གཅིག


ང་ཚོ་བོད་འབྲུག་ལ་དྭགས།

སྟོན་པ་གཅིག་གི་སློབ་མ། 

སྡིག་སྤོང་དགེ་སྒྲུབ་ཆོས་གྲོགས།

ཇི་སྲིད་བྱམས་བརྩེ་མཉམ་གནས།


ང་ཚོ་བོད་འབྲུག་ལ་དྭགས།

སྐད་ཡིག་གཅིག་གི་མི་རིགས།

རིག་གཞུང་གཅིག་གི་སྤུན་ཟླ།

ནམ་ཡང་འགྱུར་མེད་དར་རྒྱས།

 

འབྲུག་ལོའི་ཤིས་སྨོན།

 

སྙན་ལྷང་ལྷང་ལྷང་ཞིག་དགུང་ནས་གྲགས།

བོད་གནམ་ལོ་གསར་བའི་རྟེན་འབྲེལ་རེད།

འབྲུག་ལྗང་ལོའི་ངར་སྐད་ལྡིར་ལྡིར་འདིས།

རྐྱེན་བར་གཅོད་ཐམས་ཅད་ཟློག་པར་སྨོན།

 

དམར་ལམ་ལམ་ལམ་ཞིག་བོད་ནས་འབར།

བོད་རང་དབང་སླར་གསོའི་རྟེན་འབྲེལ་རེད།

སྲོག་དམར་པོའི་མཆོད་མེའི་ཕྲེང་བ་འདིས།

སྡུག་མུན་དགུ་སེལ་བའི་བཀྲ་ཤིས་ཤོག

 

འོད་ཆེམ་ཆེམ་ཆེམ་ཞིག་ཤར་ནས་འཕྲོས།

ནུབ་མུན་གླིང་གསལ་བའི་རྟེན་འབྲེལ་རེད།

རྗེ་བླ་མའི་བྱིན་རླབས་འོད་སྟོང་གིས།

 

གླིང་ཆེན་པོར་བདེ་དགའ་རྒྱས་པར་སྨོན།།

         

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php