ཞི་བདེའི་བླ་མ།

 

འཁྲུངས་ས་གངས་ཅན་བོད་ཡུལ། །

བཞུགས་ས་རྒྱ་གར་རྡ་ས༎

ཕེབས་ས་ཕྱི་གླིང་རྒྱལ་ཁམས། །

མཚན་སྙན་འཛམ་གླིང་ཡོངས་ཁྱབ༎

 

པོ་ཏ་ལ་རུ་བཞུགས་དུས། །

རྒྱལ་བ་ཡིད་བཞིན་ནོར་བུ། །

ཕྱི་གླིང་རྒྱམ་ཁམས་སྐོར་དུས། །

འཛམ་གླིང་ཞི་བདེའི་བླ་མ༎

 

ཞལ་རས་འཛུམ་པའི་མེ་ཏོག །ཐུགས་རྒྱུད་སྙིང་རྗེའི་འོ་མཚོ། །

གསུང་དབྱངས་ཞི་བདེའི་ལམ་སྟོན། །མཇལ་ན་དགའ་དད་རང་འཕེལ༎

 

ཆོས་ལུགས་རིས་མེད་འཆམ་མཐུན། །བཟང་སྤྱོད་མིའི་རིགས་ཀུན་མཐུན༎

འཚེ་མེད་ཞི་བདེའི་ལམ་བཟང་། །ང་ཚོའི་སེམས་སུ་གསལ་ཡོད༎

 

སྐུ་ཚེ་བར་ཆད་མེད་པར། །བཞེད་དོན་ལྷུན་གྱིས་གྲུབ་ནས། །

རང་ཡུལ་ཁ་བའི་ལྗོངས་སུ། །མྱུར་ཕེབས་ཐུབ་པའི་སྨོན་ལམ། ། 

 

 

 སྐྱིད་ཀུན་ལ་ལྡན་པའི་སྨོན་ལམ་འདེབས།

 

 

 

ངའི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན།།

སྐུ་མི་འགྱུར་མཐོང་བ་དོན་ལྡན་རེད།།

གསུང་མི་འགག་ལེགས་བཤད་རང་གྲུབ་རེད།།

ཐུགས་མཁྱེན་བརྩེ་སངས་རྒྱས་བྱང་སེམས་རེད།།

 

བོད་གངས་ཅན་ཆོས་ཀྱི་ཞིང་ཁམས་རེད།།

རྗེ་བླ་མ་ཆོས་སྲིད་བདག་པོ་རེད།།

སྐད་ཡི་གེ་རང་སྐྱོང་ནོར་བུ་རེད།།

བདག་རྒྱག་མཁན་རྗེས་འཇུག་ང་ཚོ་རེད།།

 

རྗེ་བླ་མ་འཛམ་གླིང་ཉི་མ་རེད།།

གསུང་ཉི་འོད་སྐྱེ་དགུའི་ལམ་སྟོན་རེད།།

ལམ་མ་ནོར་སོང་ན་འདི་ཕྱིའི་སྐྱིད།།

 

 

 

འཛམ་གླིང་གི་ནོར་བུ།

 

 

ལྷ་ས་ནོར་བུ་གླིང་ལ། ནོར་བུ་མི་འདུག་མ་ཟེར། 

ཇོ་ཤཀྱ་ཡིད་བཞིན་ནོར་བུ། ནོར་བུ་མིན་ན་གང་རེད།།

 

 ཁ་བ་གངས་ཅན་ལྗོངས་ལ། ནོར་བུ་མི་འདུག་མ་ཟེར། 

བོད་ཡིག་དབྱངས་གསལ་སོ་བཞི། ནོར་བུ་མིན་ན་གང་རེད། 

 

འཛམ་གླིང་གོ་ལ་འདི་ལ། ༏ནོར་བུ་མི་འདུག་མ་ཟེར། 

ཞི་བདེའི་དེད་དཔོན་རྣམ་པ། །ནོར་བུ་མིན་ན་གང་རེད། 

 

ནོར་བུ་འདི་འདྲ་ཡོད་དུས། །ནོར་བུའི་རིན་ཐང་ཤེས་དགོས།  

མི་ལུས་རིན་ཆེན་ནོར་བུ། །ང་ཚོ་ཚང་མར་ཡོད་རེད།  

 

 

༄༅།།གྱ་སྟོན་མཆོད་གླུ་དམ་ཚིག་གཙང་མ 

 

 

 

 

སྟག་འཚེར་གནམ་རིར་སྐུ་ཡི་ཟླ་གཞོན་ཚེས།

པོ་ཏཱ་ལ་རུ་ལུགས་གཉིས་ཁྲི་ལ་བཞུགས།།

འཕགས་པའི་ཡུལ་དུ་དམངས་གཙོའི་གཞུང་བཟང་བསྐྱངས།

གངས་ཅན་བོད་ཀྱི་བདག་པོ་༸གོང་ས་མཆོག།

སྐུ་དྲིན་བསམ་བཞིན་གྱ་སྟོན་རྟེན་འབྲེལ་དུ།

དམ་ཚིག་གཙང་མའི་གླུ་ཡི་མཆོད་པ་འབུལ།། 

 

རིས་མེད་ཆོས་ལུགས་གདན་ཐོག་གཅིག་ལ་བསུས།

ཚན་རིག་འཕྲུལ་གྱི་མེ་ལོང་ཕྱག་ལ་ཐོགས།།

བྱམས་བརྩེ་ཐུགས་རྗེའི་སྤྱན་གྱིས་མཁའ་མཐར་གཟིགས།

འཛམ་གླིང་ཞི་བདེའི་དེད་དཔོན༸ཡིད་བཞིན་ནོར།།

སྐུ་ཚེ་ཞབས་བརྟན་མཛད་བརྒྱ་རྒྱས་པ་ལ།

རྒྱལ་སྲིད་སྣ་བདུན་གླུ་ཡིས་རྟེན་འབྲེལ་ཞུ།། 

 

བོད་རྒྱ་གཉིས་སྨན་དབུ་མའི་ལམ་བཟང་བཏོད།

དགའ་བ་བརྒྱ་ལྡན་གཞུང་བཟང་དམངས་ལ་གནང།།

མ་ལུས་སྐྱེ་དགུའི་བདེ་སྡུག་ཁུར་དུ་བཞེས།

འཇིག་རྟེན་ཀུན་གྱི་མགོན་པོ༸སྤྱན་རས་གཟིགས།།

གཞིས་བྱེས་ལྷན་འཛོམས་གཏན་བདེའི་སྨོན་ལམ་བཅས།

བཀྲ་ཤིས་རྟགས་བརྒྱད་གླུ་ཡིས་བཀྲ་ཤིས་འཇོག།

 

 

ལོ་རྟགས་རྟ་ཡིས་ཚེས་པའི་ཚེས་གཅིགལོ་གསར་བའི་ལྷག་དཀར་གྱི་ཉིན་མོ་ཐོག་མའི་གཟའ་སྐར་རྟེན་འབྲེལ་བཟང་པོར་ཕུལ་བ་དགེའོ།།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php