ང་དང་བོད་ཡིག་གི་ལས་དབང་།

 

 

 

 

ངའི་ལྟེ་ཁྲག་གངས་རིའི་ཕང་བར་འཐོར།།

ངའི་ལང་ཚོ་རྩྭ་ཐང་ཡངས་པོར་འཚར།།

ངའི་རིག་རྩལ་དབྱངས་གསལ་སོ་བཞིས་གསོས།།

ངའི་མདུན་ལམ་གངས་ལྗོངས་ཕ་མཐར་བསྲིངས།།


ང་བྱིས་པའི་དུས་སུ་བེའུ་རྫི་བྱས།།

གླུ་ལ་གཞས་ལ་སོགས་ངག་ལ་བྱང།

ང་གཞོན་པའི་དུས་ལ་སློབ་གྲྭར་ཆས།།

ཚིག་སྡེབ་སྦྱོར་སྙུག་རྩེའི་རོལ་མོ་བྱས།།


ང་དར་མའི་དུས་ལ་ས་མཐའ་འགྲིམས།།

བོད་བསྟན་སྲིད་སྟེགས་བུར་བློ་རྩལ་ངོམ།།

ང་རྒས་ཀྱང་གཞོན་སེམས་མ་འགྱུར་བར།།

རྩོམ་སྒྱུ་རྩལ་སྒེག་མོར་བློ་གཏད་བཅོལ།།


ང་ཕ་ཡུལ་མེད་པའི་འཁྱམ་པོར་གྱུར།

ངས་ཕ་སྐད་ཡི་གེ་མ་བོར་ཡོད།།

ང་དབྱངས་གསལ་སོ་བཞིའི་བདག་པོ་ཡིན།།

སྐད་ཡི་གེ་གཞན་དག་དགོས་དོན་མེད།།


ངའི་ཡིད་ན་གངས་རིའི་ཞིང་ཁམས་མཛེས།།

ངའི་ངག་ན་མ་ཎིའི་དབྱངས་རྟ་སྙན།།

ངའི་ཁ་ལ་མར་རྩམ་དྲི་ཞིམ་འཁྱིལ།།

ངའི་མིང་ལ་གངས་ཅན་བོད་པ་ཟེར།།


ང་རྒས་ཀྱང་རུས་པ་དུང་ཡིན།།

དུང་དཀར་པོར་ཨ་ཡིག་བརྐོས་ཡོད།།

ང་ཤི་ཡང་རྣམ་ཤེས་འོད་ཡིན།།

འོད་ཀྱི་ལེར་འཇའ་རུ་བཞེངས་ཡོད།།


༢༠༢༣ ༠༥ ༢༤ ས་ཟླའི་ལྷག་དཀར་ལ།

 

 

 

དབུ་མའི་ལམ།

 

 

དབུ་མ་མ་གོ་དབུ་འཐོམས་བྱུང་བ་མང།

དབུ་མ་མ་རྟོགས་དབུ་ཐད་གཡུགས་པ་མང།
དབུ་མ་དབུ་ལ་བཀུར་བའི་ཁ་མཁས་མང།

དབུ་མ་ལག་ན་མེད་པའི་དབུལ་པོ་མང།

 

དབུ་ལམ་ཚུར་སྣེར་བོད་ཀྱི་རེ་བ་ཞིག

དབུ་ལམ་ཕར་སྣེར་རྒྱ་ཡི་རེ་བ་ཞིག
དབུ་མའི་ལམ་ན་ཞི་བདེའི་འཚོ་གནས་ཞིག

དབུ་མའི་ལམ་བཟོ་མེད་ན་ཅི་ཡང་མེད།

 

ལམ་མཁན་དབུ་མའི་སྟོན་པ་སུ་དང་སུ།

ལམ་འགྲོ་དབུ་མའི་ལམ་གྲོགས་དུ་དང་དུ།
ལམ་བར་ཕྱི་ནང་འགལ་རྐྱེན་གང་དང་ཅི།

ལམ་སྲུང་གྲོགས་ཚོར་ནུས་པ་ཅི་དང་གང།

 

ཡར་གྱི་གནམ་ལ་རེ་ནས་སླེབས་ས་མེད།

མར་གྱི་མཚོ་ནང་ལྷུང་ལ་ཉེན་ཁ་ཆེ།

དེ་བས་རི་རབ་ཆེན་པོའི་རྐང་ལམ་འདིར།

རང་གི་ཚེ་སྲོག་འཚོ་ལ་གཟབ་པར་འཚལ།

 

འཇིགས་མེད་བདེན་པའི་སྐྱེས་བུ།

 

 

གངས་ཅན་མགོན་པོར་གུས་བཏུད་ནས།།

གངས་རིའི་དཔའ་བོར་མྱ་ངན་ཞུ།།

གང་གི་མཁྱེན་བརྩེའི་འོད་ཞགས་ཀྱིས།།

གང་དག་ལམ་སྣ་འདྲེན་པར་མཛོད།།

 

དམར་གཞུང་སྲིན་པོའི་སྡེར་ཁྱིམ་ནས།།

དམར་ཆུང་སྲོག་དེ་ཤོར་བས་ཕངས།།

དཀར་ཕྱོགས་ལྷ་དང་མི་རྣམས་ཀྱིས།།

དཀར་པོའི་ལམ་དེར་སྐྱེལ་མ་མཛོད།།

 

བདེན་སྟོབས་རླུང་གིས་བསྐྱོད་པ་ཡིས།།

འཇིགས་མེད་རྒྱ་མཚོ་འཕྱུར་བའི་རླབས། །

མ་ཁོག་ཤར་ནུབ་འཕྱོ་བ་འདིར།།

ངོ་མཚར་བསྔགས་པའི་རོལ་མོ་འཁྲོལ།

 

འཕགས་ཡུལ་ཉེན་ཁས་བརྒྱུད་པ་དེ།།

གནས་མཇལ་ལྟ་སྐོར་ག་ལ་ཡིན།།

ཆོས་སྲིད་དོན་གྱི་བདག་པོ་ལ།།

དད་འདུན་རེ་བ་བཅོལ་བ་ལགས།།

 

ས་བྱི་ཞི་རྒོལ་ཆེན་པོའི་སྐབས།།

གནས་ཚུལ་རླུང་གི་འཕྲིན་ལ་བསྐུར།

དཀའ་སྡུག་ཟིན་ཐོ་ཁྲག་བྲིས་མ།།

དམྱལ་ཁམས་གསར་བའི་གསང་བ་ཡིན།།

 

དམྱལ་བ་ལྟ་བུའི་བཙོན་ཁང་དུ།།

མནར་གཅོད་དྲག་པོས་མ་ཐུལ་བ།།

འཇིགས་པ་མེད་པའི་མགོ་རིལ་གང།།

བདེན་པའི་སྟོབས་ཀྱི་སྐྱེས་བུ་ལགས།

 

མི་འཇིགས་སྤོབས་པ་མཐོ་བ་དེ།།

དགྲ་ཞེས་ཞེ་ནས་སྡང་བས་མིན།།

དྲང་བདེན་སྐྱོང་བའི་མི་དམངས་ལ།།

བདེན་པ་བདར་བའི་སྙིང་སྟོབས་ཡིན།

 

བོད་ལ་དགའ་ཞེན་ཆེ་བ་དེ།།

གཉེན་ཞེས་ཞེན་ཆགས་ཙམ་དེ་མིན།།

དམ་ཆོས་སྐད་དང་ཡི་གེ་སོགས།

ཀུན་ཕན་རིག་གཞུང་སྐྱོབ་ལ་རངས།།

 

ལུས་སྲོག་བློ་ཡིས་བཏང་བ་དེ།།

དཔའ་བོའི་མཚན་སྙན་ཐོབ་ཕྱིར་མིན།

བསྟན་སྲིད་རང་རིགས་རང་དབང་སླད།།

རང་སྲོག་རིན་ཐང་བསྐྲུན་པ་ལགས།།

 

དཔའ་མཛངས་དམ་པ་ཁྱེད་ཅག་གི།

འཚེ་མེད་བདེན་དོན་རྩོད་པའི་ལམ།།

འདི་ན་གངས་རིའི་རྗེས་རབས་པས།།

རང་གི་སྙིང་ལ་པར་དུ་འདེབས།།

 

བསྟན་སྲིད་སྲི་ཞུའི་བྱེད་པོ་རྣམས།།

སྤྱན་རས་གཟིགས་ཀྱིས་མི་བསླུ་ཞེས།།

གངས་ཅན་མགོན་པོའི་བདེན་ཚིག་གིས།

སྐྱེས་བུ་ཁྱེད་ཅག་རྒྱལ་གྱུར་ཅིག། 

 

བོད་རྒྱལ་ལོ་༢༠༡༤༩ བོད་ཟླ་༦ ཚེས་༡༠ གཟའ་ཉི་མ། ༢༠༢༢ ༠༨ ༠༧

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php