༄།རྨ་འབྲི་རིང་མོའི་ངུ་ངག

 

 

བདག་གི་ལུས་འདི་ལས་རླུང་བཙན་པོ་ཡིས་བདས་ཏེ།

བདག་མེད་རི་དྭགས་བཞིན་དུ་ས་མཐའ་རུ་འཁྱམས་མོད།

བདག་ནི་བདག་ལ་གཅེས་པའི་བག་ཆགས་དེའི་དབང་གིས།

བདག་དང་བདག་གི་རིགས་ལ་ཤ་ཞེན་དེ་མ་ཉམས།

 

ཉི་མ་ནུབ་ཀྱི་ཕྱོགས་མཐའི་གྲུ་ཁ་ནི་ཞིག་ནས།

ཉི་མ་ཤར་གྱི་ཕྱོགས་སུ་རྒྱང་ལྟ་རེ་བྱེད་དུས།

གངས་དཀར་སེམས་ཀྱི་བུ་ཆུང་ལས་དབང་གི་འཁྱམ་པོ།

གངས་དཀར་རི་བོ་ཨ་མའི་ཕང་བ་རུ་ཤོར་འགྲོ །

 

མདང་ནུབ་ཐུན་གསུམ་སྒྱུ་མའི་རྨི་ལམ་གྱི་ནང་ལ།

མདངས་ཉམས་ཟུངས་ཟད་ཡབ་ཡུམ་རྨ་ཆུ་དང་འབྲི་ཆུ།

འདང་རྒྱག་ཟབ་མོའི་མིག་ཟུང་སྐོ་དོང་ལ་ལྷུང་ནས།

གདངས་ཉམས་ངུ་ངག་སྤྱན་ཆབ་རུམ་ཁ་རུ་བྱོ་སོང།

 

གནའ་དུས་གངས་དཀར་རི་རྩེ་སྤྲིན་རུམ་ལ་བཏེགས་ཏེ།

གངས་སེང་དཀར་མོའི་གད་རྒྱངས་ལྷ་ཡུལ་ལ་བསྒྲགས་དུས།

བདག་ཀྱང་ཆུ་ཀླུང་འབུམ་ཕྲག་དཔུང་ཆེན་དེ་ཁྲིད་དེ།

འོག་མ་ཀླུ་ཡི་ལོངས་སྤྱོད་འདྲེན་པ་ལ་ཆས་སོ།

 

ད་ནི་གངས་དཀར་རི་བོས་མགོ་བོ་དེ་སྨད་ནས།

གངས་སེང་དཀར་མོ་དྲན་པའི་གདུང་རིང་གིས་མནར་དུས།

བདག་ཀྱང་ངུ་ངག་རིང་མོས་ས་གཞི་ལ་འཐམས་ཏེ།

ཡབ་མེས་བཙན་པོའི་རྣམ་ཐར་སེམས་གསོ་རུ་གླེང་ངོ།

 

གནའ་དུས་ཁ་བའི་མེ་ཏོག་རི་ལུང་ཀུན་བབས་ནས།

དངུལ་དཀར་ས་བོན་འཛིན་མའི་མངལ་ཡངས་ལ་གཏོར་དུས།

བདག་ཀྱང་དྭངས་གསལ་ཟེགས་མའི་མེ་ཏོག་དེ་གཏོར་ནས།

བརྒྱ་ཕྲག་སོན་རྩ་གསོ་བའི་གཉོར་སྐྱོང་ལ་ཞུགས་སོ།

 

དེང་དུས་ཁངས་ཆར་ཟས་ཀྱི་རྒྱུན་བཟང་དེ་ཉམས་ནས།

ཐན་པའི་ནད་ཀྱིས་ནོར་འཛིན་ཟུངས་ཁྲག་ཀུན་ཐག་དུས།

བདག་ཀྱང་ལང་ཚོའི་ཟུངས་ཟད་གཅོང་ནད་ནི་བརྒྱ་ཡིས།

ཤི་མ་གསོན་གྱི་ཡི་དྭགས་རང་གཟུགས་ཀྱིས་རྒྱུ་ཙམ།

 

གནའ་དུས་བསུང་ངད་བརྒྱ་ལྡན་སྣ་བརྒྱ་ཡི་མེ་ཏོག

སྔོ་ལྗང་རྩྭ་ཐང་སྒེག་མོའི་མཛེས་རྒྱན་དུ་སྤུད་དུས།

བདག་ཀྱང་ལྦུ་དཀར་ཕྲེང་བའི་དོ་ཤལ་གྱིས་བརྒྱན་ནས།

རྩྭ་ཐང་འབྲོག་མོའི་འཇོ་སྒེག་འགྲན་ཟླ་རུ་ཆས་སོ།

 

དེང་དུས་རྩི་ཤིང་བཅུད་ཉམས་རྩ་སྟོང་གི་ཆག་སྒོས།

ཡུལ་ལྗོངས་རྒན་མོའི་མི་སྡུག་རོ་མདོག་དེ་སྟོན་དུས།

བདག་ཀྱང་ཉམ་ཐག་འཁུན་པའི་དབུགས་རིང་ཞིག་འཐེན་གྱིན།

མཐོ་སྒང་འདི་ཡི་སྐྱོ་གར་རམ་འདེགས་ལ་ངལ་ལོ།

 

གནའ་དུས་གནའ་བ་དགོ་བ་གཙོད་སོགས་ཀྱི་རི་སྐྱེས།

ཁྲི་འབུམ་ཁྱུར་ལོངས་ཡུལ་གྱི་གཡང་ཟོག་དུ་ཡན་དུས།

བདག་གི་གཡས་འཁྱིལ་དབའ་ཀློང་རེ་རེ་ཡི་ཁྱིམ་ཡང།

ཉ་སྲམ་ཁྲི་མ་འབུམ་གྱི་རྩེད་འཇོ་ཡི་བསྟི་གནས།

 

དེང་སང་ཇག་རྐུན་བརྒྱ་སྟོང་མེ་མདའ་ཡི་སེར་བས༌།

ཉིན་རེར་རི་དྭགས་བརྒྱ་སྟོང་ལོ་ཏོག་ནི་འཇོམས་དུས།

བདག་ཀྱང་ཁྲག་རྒྱུན་དྲོན་མོས་དམར་ནག་ཏུ་གྱུར་ནས།

ངུ་ངག་བརྒྱ་ཡིས་འཆི་བ་སུ་ཞིག་གིས་མི་ཚོར།

 

འབྲོག་པའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་གྱི་གཡང་ཁྱུ།

རི་ལུང་ཉིན་སྲིབ་མེད་པར་བག་ཡངས་ཀྱིས་འཚོ་དུས།

བདག་ཀྱང་ཆུ་ལེན་བུ་མོའི་གཞས་ཆུང་དེ་ཁྱེར་ནས།

རྒྱང་རིང་རྫི་བོ་གཞོན་ནུའི་ཕོ་ཉ་རུ་ཆས་སོ།

 

ད་ཆ་འདོ་རིག་རྟ་བོའི་རྨིག་སྒྲ་ནི་འཇགས་ཤིང༌།

གཡག་རོག་ཧར་སྒྲ་གཡང་དཀར་འབའ་སྒྲ་ཡང་ཆད་དུས།

བདག་ཀྱང་མི་གཙང་དྲི་བཅས་ལང་ཚོ་ནི་ཟད་དེ།

དལ་བའི་འགྲོས་ཀྱིས་ས་མཐའ་སྐོར་ཐག་ནི་རིང་ངོ༌།

 

མདོར་ན་སྔོན་དུས་བཙན་པོའི་བུ་རྒོད་ཀྱི་རབས་ཀྱིས།

གངས་སེང་དཀར་མོའི་གད་རྒྱངས་ཟིལ་གྱིས་ནི་གནོན་དུས།

བདག་ཀྱང་ངར་བའི་རླབས་སྒྲ་ཕྱོགས་མཐའ་རུ་བསྒྲགས་ནས།

གངས་ཅན་བསྟན་སྲིད་ལ་རྒྱ་སྲིད་རྩེ་རུ་དྲངས་སོ།

 

ད་ནི་གངས་ཅན་དཔའ་བོའི་གདུང་རབས་ནི་ཆད་ཅིང༌།

རང་གི་རིགས་དང་རིག་གཞུང་མཁས་རློམ་གྱིས་བསླད་དུས།

བདག་ནི་ངོ་ཚས་བཞིན་རས་ས་འོག་ལ་སྦེད་ཀྱིན།

ད་ནི་མི་སྡོད་འོག་མ་ཀླུ་ཡུལ་དུ་ཆས་འགྲོ

 

དེ་སྐད་གཉོམ་པོའི་ངག་གི་སྐྱོ་གཏམ་འདི་ཐོས་འཕྲལ།

བདག་ཀྱང་རྨི་ལམ་ཞིང་ནས་གདུང་ཚོར་ཅིག་སྐྱེས་ཏེ།

མགོ་བོ་ནང་ལ་གུག་བཞིན་ཞུ་གསོལ་གྱི་ཚིག་གསུམ།

རྨ་འབྲི་ཡབ་ཡུམ་མཆོག་ལ་འདི་སྐད་དུ་ཞུས་པ།

 

ཀྱེ་ཀྱེ་བདེན་ནོ་བདེན་ནོ་རྨ་འབྲི་ཡི་ཡབ་ཡུམ།

དར་རྒུད་དཔྱིད་དགུན་ལྟ་བུའི་འགྱུར་བ་དེ་བདེན་ཡང༌།

ཚུལ་འདིར་སྙིང་རྗེ་སྤྱན་གྱི་གཟིགས་པ་དེ་ལྷོད་ན།

དྭ་ཕྲུག་རི་དྭགས་ཁྱུ་འདི་དགྲ་ལག་ཏུ་འཆི་ངེས།

 

སྣོད་བཅུད་ཐུན་མོང་མིན་པའི་འབྲེལ་བ་དེ་བསམས་ནས།

བདག་ཅག་ཡལ་བར་མ་འདོར་ཐབས་མཁས་ཀྱི་འཕྲུལ་གྱིས།

སླར་ཡང་དཔྱིད་དཔལ་བསུ་བའི་ཕོ་ཉ་ཞིག་ཐོངས་དང༌།

ཞེས་ཏེ་རེ་འབོད་དྲག་པོས་གཉིད་ལམ་ལས་དཀྲོགས་སོ།

 

ད་ནངས་མཆི་མས་བརླན་པའི་སྔས་འབོལ་ལ་འཐམས་ནས།

དྭ་ཕྲུག་ཇི་བཞིན་རྨ་འབྲི་ཕ་མ་ཟུང་འབོད་ཀྱིན།

ཤ་དང་རུས་པར་འཐིམས་པའི་ཟུངས་ཁྲག་གི་དྭངས་མ།

སྙུ་གུར་དྲངས་ཏེ་སེམས་ཀྱི་རི་མོ་འདི་འཁྱུགས་སོ། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php