༄།གཡས་འཁྱིལ་དུང་གི་ཞོགས་བརྡ།

 

 

དུང་དཀར་གཡས་སུ་འཁྱིལ་བའི་དབྱངས་སྙན་གྱི་ཞོགས་བརྡ།

རྒྱ་ཕིབས་གསེར་འོད་འཕྲོ་བའི་ལྡིང་ཁང་ནས་གྲགས་དུས།

བདག་གི་སེམས་པ་སྐྱ་རེངས་སྣང་བ་དང་འགྲོགས་ཏེ།

མུ་མེད་མུན་པ་སངས་པའི་མཐོངས་ཡངས་སུ་འཕུར་མོད།

ད་དུང་གཏི་མུག་གཉིད་ཀྱི་བདེ་བ་ལ་རྔམས་ཏེ།

སད་འདོད་མེད་པའི་གྲོགས་དག་ཅི་ཞིག་གིས་བཟི་སོང།

 

སྤྲིན་དཀར་བང་རིམ་བརྟོལ་བའི་རི་རབ་ཀྱི་རྩེ་ནས།

འཇའ་ཚོན་རླུང་གིས་སྐྱོད་པའི་དར་ལྕོག་དག་མཐོང་དུས།

བདག་གི་སེམས་པ་ཐང་དཀར་རྒོད་པོ་དང་བསྡོངས་ཏེ།

ལྷ་དང་ལྷ་མིན་དཔུང་གི་གདོང་འཐབ་ལ་ཆས་ཀྱང།

ད་དུང་འཕྱོན་མའི་གདོང་གི་འཛུམ་བག་ལ་ཆགས་ཏེ།

སྟག་ཤར་ལ་རྒྱ་བྲལ་ཁྱོད་ཅི་ཞིག་གིས་འཁུམས་སོང།

 

བཞུགས་སྒར་ལྷ་རྒྱལ་རོལ་བའི་ནགས་རི་ཡི་མགུལ་ནས།

གངས་སེང་རྒྱལ་དར་ལྷབ་ལྷུབ་གཡོ་བ་དེ་མཐོང་དུས།

བདག་གི་སེམས་པ་སེང་ཕྲུག་ས་ཡ་འགར་གྱུར་ནས།

རྨ་ཆེན་གངས་དཀར་རི་བོའི་འདབས་ཡངས་སུ་ཡན་ཡང།

ད་དུང་རང་ཁེའི་ངན་ངོན་འཚོ་ཚིས་འགས་ཚིམ་ནས།

ཕ་ཡུལ་མི་དྲན་ཁྱོད་ཀྱིས་བརྗེད་ཆུ་གང་འཐུངས་སམ།

 

ཐུན་མོང་ཁྱིམ་ཆེན་རང་བྱུང་མཛེས་སྡུག་གི་ཁྱོན་ན།

ཐམས་ཅད་བདེ་དགའི་འཚོ་ལམ་སྙེག་པ་འདི་བསམས་དུས།

བདག་གི་སེམས་པ་ཕུག་རོན་དཀར་པོ་ཡིས་དྲངས་ཏེ།

འཛམ་གླིང་སྐྱེ་དགུའི་ཁྲོད་དུ་ལག་འཇུ་ལ་འགྲོ་དུས།

ད་དུང་མི་རིགས་ཁོ་ནའི་ཞེན་ཁོག་གིས་བཅིངས་ཏེ།

ཨ་འཐས་ཁུ་ཚུར་འཆང་ཁྱོད་ཅི་ཞིག་གིས་བསླུས་སམ།

 

བྲག་རིའི་བོངས་དང་མཉམ་པའི་གླེགས་བམ་གྱི་ཕུང་བོའི།

དབྱངས་གསལ་སོ་བཞིའི་རི་མོའི་འཕྲུལ་སྣང་དེ་མཇལ་དུས།

བདག་གི་སེམས་པ་ལྷ་དང་ལྷ་མོ་ཡིས་བསུས་ཏེ།

འཇིག་རྟེན་ཕྱི་མའི་དག་ཞིང་འཚོལ་བ་ལ་རངས་མོད།

ད་དུང་ཉོན་མོངས་འཁོར་བའི་ཚང་མལ་དུ་ཉལ་ནས།

ཚེ་འདི་ཁོ་ནའི་བདེ་བར་གཡེང་བ་ཁྱོད་ཅི་ཉེས། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php