བཅོ་ལྔའི་མཆོད་བཤགས་རང་སེམས་དགའ་སྐྱེད།

 

 

 

བླ་མ་སངས་རྒྱས་བསྟན་འཛིན་རྒྱ་མཚོའི་མགོན།།

དད་པའི་ཁྲི་ལ་བསུས་ཏེ་ཕྱག་འཚལ་མཆོད།།

རང་གི་སྒོ་གསུམ་སྡིག་ཚོགས་དབྱིངས་སུ་བཤག།

གཞན་གྱི་དགེ་བ་ཀུན་ལ་རྗེས་ཡི་རང།།

 

འདི་ཕྱིའི་ལེགས་ལམ་རྟག་ཏུ་སྟོན་པར་མཛོད།།

སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པར་གསོལ།།

བྱང་ཆུབ་སེམས་ཀྱི་རིན་ཆེན་རིལ་བུ་གང།།

སྟོང་ཉིད་བདུད་རྩིས་འཐུང་ལ་ངོམ་མེད་ཤོག།

 

བདག་གི་སྒོ་གསུམ་དགེ་བ་མར་མེའི་འོད།།

རང་གཞན་གཏི་མུག་མུན་པ་སེལ་ཕྱིར་སྤྲོ།།

འཕྲལ་ཕུགས་བདེ་དགའི་དཔལ་ལ་ལོངས་སྤྱོད་ཅིང།།

གཏན་བདེ་བྱང་ཆུབ་གོ་འཕང་འཐོབ་ཕྱིར་སྔོ།།

 

མཆོད་ཁང་ནང་དུ་སེམས་ཅན་ཐམས་ཅད་ཅེས།།

སྨོན་ལམ་འདེབས་པ་སྐད་ཅིག་ཙམ་ནས་བརྗེད།།

རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་གནས་ན་ཡང།།

བོད་དང་ཆོལ་ཁའི་ཕྱོགས་ཞེན་འདོར་བར་དཀའ།།

 

སེམས་ཅན་མཐའ་དག་གཉེན་དུ་བསུ་དགོས་པའི།།

སེམས་མཆོག་བསྐྱེད་ཀྱང་རང་ཉིད་གཅེས་འཛིན་བློ།།

ཟློག་དཀའ་རྦབ་རྡོ་འདྲ་འདི་འགོག་དཀའ་བས།།

བདག་ཅག་འབངས་རྣམས་ཕན་ཚུན་འཁང་ཞིང་གཤེ།

 

ཀླུ་མཁར་བྱམས་དང་ཨོ་རྒྱན་སྟོབས་རྒྱལ་སོགས།།

དུས་ཀྱི་སྟོན་པར་སྒྲོ་སྐུར་བྱེད་རྣམས་ཀྱི།།

བྱ་བ་སྤྱོད་པར་དགག་གཞག་སྤྲོས་པ་ཡང་།།

གང་ཟག་ཉིད་ལ་དགྲ་བཞིན་བཟུང་བས་མིན།།

 

ཆོས་ལྡན་བོད་མི་བྱ་ཁྲས་བྱིའུ་ཚོགས་ལྟར།།

བསད་ཅིང་གཏོར་བའི་རྒྱ་དམར་དགྲ་ལ་ཡང།།

འཚེ་མེད་ཞི་བའི་གྲོས་ཁ་བསྡུར་དགོས་ན།།

སྤྱོད་ངན་སྤུན་ཟླར་བཟོད་སྲན་ལོས་ཀྱང་དགོས།།

 

འོན་ཀྱང་མ་རྟོགས་ལོག་རྟོག་ཅི་རིགས་ཀྱི།།

ཚུལ་མིན་གཏམ་ལ་ཚུལ་མཐུན་དགག་པའི་གཏམ།།

ཡིན་སྙམ་སྤོབས་པས་བཤད་ཅིང་འབྲི་བ་འདིར།།

ནོངས་པ་མཆིས་ན་སྤུན་ཟླས་བཟོད་པར་གསོལ།།

 

ཁ་སང་ཀླུ་མཁར་བྱམས་ལ་ཁ་བརྡ་བྱས།།

དྲྭ་ལམ་བརྒྱུད་དེ་ཐུག་པ་དགའ་ཡོད་ཟེར།།

ལྟ་ཚུལ་མི་མཐུན་ན་ཡང་བསམ་ཚུལ་དག།

བཤད་རེས་ཉན་རེས་བྱས་ན་བཟང་ཞེས་ཟེར།།

 

༧གོང་ས་མཆོག་དང་སྐྱེས་ཆེན་དམ་པ་ཚོར།།

ཁ་གཏོང་འབངས་སེམས་རྨ་ཁ་བཟོ་བ་ནོར།།

ཤེས་ཡོན་ཅན་ལ་བྱ་གཞག་མང་ཞེས།།

རེ་སྐུལ་ཚིག་འགའ་བྲིས་པར་ལགས་སོ་ཟེར།།

 

ཐུབ་བསྟན་ལེགས་བཤད་ཟེར་བའི་བརྙན་ཐུང་ཞིག།

ལག་སོན་ལེགས་བཤད་འདོད་དེ་བསྟོད་བཅས་བསྐུར།།

དགྲ་བོ་ཡིན་ཡང་དྲང་བདེན་གཏམ་སྨྲས་ན།།

དང་ལེན་ཐུབ་པ་ཕོ་རབ་རྣམས་ཀྱི་གཤིས།།

 

ཆོལ་ཁ་གསུམ་པོ་ཁྱིམ་གཅིག་ཡིན་བདེན་ན།།

བོད་མི་ཚང་མ་སྤུན་ཟླ་ཡིན་འདོད་ན།།

རིགས་དང་ཕྱོགས་སུ་བཅད་ནས་དགྲ་ཟླ་ལྟར།།

སྡང་བའི་སྤྱོད་ཚུལ་དེ་དག་ཅིའི་ཕྱིར་སྟོན།།

 

བསམ་བཞིན་གནག་པའི་སྐྱོན་ཆ་མ་གཏོགས་པའི།།

མ་ཤེས་འཁྲུལ་བ་བཤགས་ན་འདག་འགྱུར་བས།།

རང་སྐྱོན་རང་གིས་ཤེས་ནས་བཤགས་པ་ཚོར།།

ཡི་རང་སྤུན་ཟླའི་མཛའ་སེམས་བདག་ལ་ཡོད།།

 

ལོ་ངོ་འགའ་ལ་ཁ་ལག་ཚོད་བཟུང་ནས།།

ཇོ་བཟང་ཚུལ་བཟུང་གནས་པས་མ་ཕན་པས།།

ད་ནི་གཟུར་གནས་རྣམ་དཔྱོད་རལ་གྲི་དེ།།

ལན་ཅིག་མ་འཕྱར་དགོས་པ་མ་གྲུབ་སྙམ།།

 

སྤྱི་ཕན་ལྷག་བསམ་ཆེན་པོ་མེད་ན་ཡང།།

སུ་ལ་གནག་འདོད་ནམ་ཡང་མ་སྐྱེས་མོད།།

ཕྲག་དོག་ཕྱོགས་ཞེན་ཅན་ཚོར་ཕོག་ཐུག་རེ།།

བཟོ་དགོས་བྱུང་ན་བཟོད་པ་གནང་རོགས་ཀྱེ།།

 

ཚིགས་སུ་བཅད་པ་འདི་ཡང་སེམས་གཏམ་སྟེ།།

ཅུང་ཟད་ཉེས་པ་མཆིས་ན་རྒྱལ་བས་གཟིགས།།

རང་སེམས་རང་གནོང་མེད་པའི་དགའ་བ་འདི།།

དགེ་བའི་རང་བཞིན་ཡིན་པས་བདག་སྤྲོ་ཨང་།།

 

 

ཉེ་ལམ་ངོ་དེབ་སོགས་དྲྭ་ལམ་གྱི་དྲྭ་གྲོགས་འགའ་རེར་ཕོག་ཐུག་ཅུང་རེ་སོང་བའི་རྐྱེན་བྱས་ཏེ་རང་གནོང་མེད་པའི་སེམས་གཏམ་ཞིག་གི་ཚུལ་དུ་ཤར་མར་བྲིས་པའོ།།༢༠༢༠ ༦ ༥ ས་ག་ཟླ་བའི་ཚེས་༡༥ 

 

 

ས་ཟླར་བསྒྲོན་པའི་མཆོད་མེ་ཚར་བདུན།



ཆུ་མོ་སྟག་ལོའི་ས་ཟླའི་ཚེས་༡༥ལ།



ཕྱག་སྟོང་ཕྱག་བཞི་ཕྱག་ཟུང་གཅིག་འདུས་སྐུ།།

བྱང་སེམས་སྟོང་ཉིད་ཟླ་བ་རྡོ་རྗེའི་ཐུགས།།

གང་ལ་དེར་འདུལ་ཞི་བསིལ་སྙན་པའི་གསུང།།

བླ་མ་འཕགས་པ་སྤྱན་རས་གཟིགས་ལ་འདུད།།

 

རང་གཞན་དགེ་བའི་དཀྱིལ་འཁོར་རྒྱ་མཚོས་མཆོད།།

བདག་སོགས་སྒོ་གསུམ་ཉེས་ཀུན་མཐོལ་ལོ་བཤག།

མགོན་པོ་ཉིད་ཀྱི་མཛད་བརྒྱར་རྗེས་ཡི་རངས།།

སྐུ་ཚེ་ཞབས་བརྟན་ཆོས་སྦྱིན་ཟད་མེད་མཛོད།།

 

བདག་གི་ཐོས་བསམ་དགེ་ཚོགས་མ་ལུས་པ།།

འགྲོ་ཀུན་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཅིང་།།

མཐར་ཐུག་བྱང་ཆུབ་སྙིང་པོ་འཐོབ་ཕྱིར་བསྔོ།།

དཀོན་མཆོག་གསུམ་པོས་རྟག་ཏུ་ཤིས་གྱུར་ཅིག།

 



༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php