༄།སྒྲོལ་མ་ལྷ་མོ།

 

 

 

 

 

 

 

སྒྲོལ་མ་ལྷ་མོ་ཕྱི་ལ་ཐོན་པ་ན།

ལམ་འགྲོ་རྣམས་ཀྱིས་སྙིང་རྗེའི་མིག་གིས་ལྟ།

གོས་དང་རྒྱན་དམན་ལུས་ཀྱི་སྟོབས་ཀྱང་ཞན།

ཡིན་ཡང་རང་སེམས་ཆོག་ཤེས་དགའ་བས་ཚིམ།

 

སྒྲོལ་མ་ལྷ་མོས་གང་བྱས་གར་སོང་ཡང༌།

དབང་ཆེན་ཕྱུག་པོ་མཁས་པའི་སྤྱན་ལམ་དང༌།

ན་མཉམ་ཕོ་གསར་ཀུན་གྱི་མིག་ན་མེད།

འོན་ཀྱང་ནང་གི་ཕ་མའི་ནོར་བུ་ཉིད།

 

ང་མཐོ་ང་ཕྱུག་ང་མཁས་ཟེར་བ་བརྒྱ།

མི་ཁོམ་ལས་བརྒྱས་སྨྱོས་པའི་མཐའ་མ་རུ།

ཁྲིམས་རའི་ཕྱི་ནང་ཀུ་ཅོས་འགེངས་པའི་དུས།

སྒྲོལ་མ་ལྷ་མོ་བདེ་བའི་གཉིད་དུ་ཡུར།།

 

 

སྙན་ཚིག་ཅིག་གི་ལྡོག་བྲིས

༢༠༠༧།༩།༨།ལ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php