༄༅།།གླིང་རྗེ་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་ཁམས་གསུམ་ཟིལ་གནོན་
ཞེས་བྱ་བ་བཞུགས་སོ།།



      དེ་ཡང་བར་སྣང་གི་སྤྲིན་དཀར་འཇའ་གུར་འཁྱིལ་བ་ཞིག་གི་ནང་ནས། མི་སྨུག་པོ་དུང་གི་སོ་སྒོ་ཅན། ཡང་སྨུག་པོ་བྱུ་རུའི་ཤ་མདངས་ཅན། སྐུ་སྟོད་སེང་གེ་འགྱིངས་འདྲ། སེང་གེས་གཡུ་རལ་ངོམས་འདྲ། སྐུ་སྨད་གླང་ཆེན་འགྱིངས་འདྲ། གླང་ཆེན་དར་སྣས་བརྒྱན་འདྲ། སྐེད་པ་རྡོ་རྗེ་བཤམས་འདྲ། རྡོ་རྗེ་དར་གྱིས་བཏུམས་འདྲ། གཡས་ནས་གཟིགས་་ན་བན་དེར་རིག་ལེ། གཡོན་ནས་གཟིགས་ན་བོན་པོ་འདྲ་ལེ། མདུན་ནས་མཇལ་ན་བླ་མ་འདྲ་ལེ། རྒྱབ་ནས་མཇལ་ན་ཟོ་དོར་འདྲ་ལེ། ཞལ་མཐོང་ན་ཁམས་གསུམ་དབང་དུ་བསྡུ་ལེ། གསུང་ཐོས་ན་སྲིད་གསུམ་ཟིལ་གྱིས་གནོན་ལེ། སྤྱན་ཟུང་སྐར་ཆེན་མཁའ་ལ་བགྲད་པ། དབུ་རྨོག་དཀར་འཇའ་རིས་འཁྱུགས་སེ། སྐེད་འཁོར་གསུམ་དགྲ་ལྷ་ཡ་ལེ། རྟ་རྐྱང་རྒོད་འཚེར་སྐད་ལྷང་ལྷང་བ་ཞིག་བྱོན་ནས། ཁམས་གསུམ་ཟིལ་གནོན་ལ་དྲངས་པའི་གླུ་འདི་ལྟར་བླངས་སོ།
།གླུ་ཐ་ལ་ལ་མོ་ཐ་ལ་ལེན།
།གླུ་ཨ་ལ་ལ་མོ་ཨ་ལ་ལེན།
།སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།
།དོན་ཆོས་བཞིན་འགྲུབ་པའི་དགེ་ལེགས་སྩོལ།
།འཛམ་གླིང་སེང་ཆེན་རྒྱལ་པོ་ང༌།
།ཨོ་རྒྱན་པད་མའི་སྤྲུལ་བ་ཡིན།
།དགྲ་ལྷ་གེར་མཚོ་གཉན་པོ་ཡིན།
།རིགས་རུས་སེང་བློན་རྒྱལ་པོ་ཡིན།
།བསྡོངས་གྲོགས་མ་དང་མཁའ་འགྲོ་ཡིན།
།དབུ་རྨོག་དཀར་སྟེང་ཕྱོགས་ལྷ་ལ་ཟུག
།ལྷ་ཚངས་པ་དཀར་པོའི་ཐུགས་སྲས་ཡིན།
།སྐེད་འཁོར་གསུམ་བར་སྣང་གཉན་དང་བསྡེབས།
།གཉན་སྐུ་ལྷ་གེར་མཚོའི་ཚ་བོ་ཡིན།
།འོག་འདོ་བའི་རྨིག་བཞི་ཀླུ་ན་རྩེན
།ཀླུ་གཙུག་ན་རིན་ཆེན་ཡང་ཚ་ཡིན།
།ལག་ན་མདུང་མོ་ཁམས་གསུམ་དགྲ་འདུལ།
།རྒྱབ་ན་མདའ་དོང་ལྷ་ཤོག་ལྡེམ་པ།
།སྐེད་ན་རལ་གྲི་དངོ་དམར་རྡུལ་གཅོད།
།མི་ང་ལ་འགྲན་ཡ་བཙུགས་པ་ན།
།ངས་མེ་ལོང་ནང་ནས་མེ་ཞིག་འབུད།
།ཨ་ལོང་ནང་ནས་ཨ་གཅིག་ཟེར།
།རལ་གྲིའི་ཁ་ནས་རྟ་ཞིག་རྒྱུག
།མདུང་མོའི་རྩེ་ནས་བྲོ་ཞིག་འཁྲབ།
།རྒྱ་ཁབ་སྟེང་ནས་གར་ཅིག་སྒྱུར།
།སྐུ་བརྗིད་པོ་རི་རྒྱལ་ལྷུན་པོ་འདྲ།
།སྟོབས་རྩལ་གངས་སེང་དཀར་མོ་འདྲ།
།ཐབས་ཤེས་ནམ་མཁའི་གློག་དང་འདྲ།
།ལས་མྱུར་བ་བསེར་མ་རླུང་དང་འདྲ།
།སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་ཡིན།
།གསུང་མི་འགྱུར་ཐུགས་རྗེ་ཆེན་པོ་ཡིན།
།ཐུགས་མི་གཡོ་ཕྱག་ན་རྡོ་རྗེ་ཡིན།
།ནག་པོ་བདུད་ཀྱི་ཁ་གནོན་ཡིན།
།རྒྱ་ཧོར་ཀླ་ཀློའི་གཉའ་ཤིང་ཡིན།
།འཛམ་བུ་གླིང་གི་མགོན་སྐྱབས་ཡིན།
།ང་སྟེང་མ་ལྷ་ན་ཡོད་དུས་ན།
།ལྷ་ཚངས་པའི་སྲས་པོ་ཐོས་པ་དགའ།
།ང་ལྷ་ཕྲུག་སྟོང་གི་ཡང་རྩེ་ཡིན།
།ང་གོང་མ་ལྷ་ཡི་བསྐོས་ཐང་ལྟར།
།ལྷོ་འཛམ་བུ་གླིང་ལ་འོང་པ་ཡིན
།དགྲ་ཀླ་ཀློའི་དཔུང་ཚོགས་འདུལ་དུ་འོང༌།
།བོད་མགོ་ནག་རྩམ་གཟན་སྐྱོང་དུ་འོང༌།
།བསྟན་འགྲོའི་དོན་ཆེན་བསྒྲུབས་པ་ཡིན།
།དེ་ཡང་ལོ་རྒྱུས་འདི་འདྲ་སྟེ།
།བོད་རབ་བྱུང་དང་པོའི་ལྕགས་བྱི་ལོའི།
།དབྱར་དྲུག་པའི་ཚེས་ཆེན་བཅོ་ལྔའི་ཉིན།
།མ་འགག་བཟའི་མངལ་ལས་བྱོན་དང་ལྷན།
།ས་ཆེན་པོ་འདི་ལ་གོམ་གསུམ་སྤོས།
།གསུང་ཐོག་མ་མ་ཎི་ཡིག་དྲུག་བཟློས།
།ལྷ་རྣམས་ཀྱིས་མཁའ་ནས་རོལ་དབྱངས་དཀྲོལ།
།ཆར་མེ་ཏོག་འཇའ་གུར་ཕྱོགས་ཀུན་ཤར།
།ས་གླིང་དཀར་ཁྲ་མོས་དགའ་སྟོན་བཤམས།
།བདུད་ལྕགས་ཀྱི་ལྟོ་ལྡིར་ཕྲག་དོག་སྐྱེས།
ཁའི་དུག་རླངས་མཁའ་ལ་སྤྲིན་བཞིན་འཕྱུར།
།ལྕགས་ནག་གི་སེར་བ་ཕབ་པ་ན།
།ལག་མདའ་གཞུ་མེད་པར་ཐབས་ཀྱིས་བཏུལ།
།ཉིན་གསུམ་ནས་ནོར་བུ་དགྲ་འདུལ་ཐོགས།
།དགྲ་མུ་སྟེགས་སྒོམ་པ་ར་ཛ་ཡིས།
།འདྲེ་བྱ་ནག་སྤུན་གསུམ་རྒོལ་དུ་བཏང༌།
།ཤིང་སྐྱེར་མའི་གཞུ་ལ་སྐྱེར་མདའ་བཞག
།མདའ་གཅིག་གིས་བྱ་རོ་གསུམ་དུ་བཏང༌།
།རྫུ་འཕྲུལ་གྱིས་ར་ཛ་དམ་ལ་བཏགས།
།ཆུང་ལོ་གཅིག་ཐོག་གི་དཔའ་རྟགས་ཡིན།
།སྤང་རྩྭ་ཐང་བཤིག་གི་ཨ་བྲ་སྟེ།
།མི་སྒོ་ཕྱུགས་ཀུན་གནོད་མགོ་དགུ་བ།
།ཤིང་ལྕང་དཀར་དབྱུག་པ་རྟ་རུ་བཅིབས།
།ལག་འུར་རྡོ་བསྐོར་ནས་ཀླད་རྒྱ་གཏོར།
།ཆུང་ལོ་གཉིས་ཐོག་གི་དཔའ་རྩེད་ཡིན།
།ངས་ལོ་ལྔའི་ཐོག་ནས་དམག་སྣ་དྲངས།
།ཚ་བ་རོང་གི་མདའ་རྫོང་ཕབ།
།མདའ་ཉག་ཕྲན་སྟོང་གི་དམག་འགྱེད་བཏང༌།
།དེ་ནས་ཁ་སེར་རྒྱལ་པོ་བཏུལ།
།དུང་རྭ་ཁྱུང་རྭ་ཅན་སོགས་ར་ལུག་འབུམ།
།འབངས་མི་སེར་ཀུན་ལ་བགོ་བཤའ་བརྒྱབ།
།དཔོན་གཡོ་ཅན་ཨ་ཁུ་ཁྲོ་ཐུང་གིས།
།ང་ལོ་བརྒྱད་བྱིས་པར་ཕྲག་དོག་གིས།
།མ་ངེད་གཉིསགཡུ་ལུང་སུམ་མདོར་བསྐྲད།
།སྡུག་དུད་འགྲོའི་འཚོ་བ་ལོ་གཅིག་མྱངས།
།གླིང་སྤྱི་དཔོན་ཁྲ་རྒན་བཀའ་ལུང་ལྟར།
།འདན་ཁྲི་དཀར་རྒྱལ་པོ་ཆམ་ལ་ཕབ།
།ནས་སྔོན་མོའི་འབྲུ་གཡང་གླིང་ལ་དྲངས།
།སྟོད་གླིང་དཀར་ཁ་བས་བཏུམས་པ་ན།
།ངེད་གཡུ་ལུང་སུམ་མདོར་དཔྱིད་དཔལ་ཤར།
།གླིང་དཀར་པོའི་མི་ཟོག་སྐྱབས་བཅོལ་ཡོང༌།
།ང་བཅུ་གཉིས་ལོ་ལ་གླིང་དཀར་གྱི།
།རྟ་རྒྱུག་རྒྱལ་འཇོག་ནང་ལ་ཞུགས།
།རྟ་རྐྱང་རྒོད་འབྲུག་མོས་རི་ནས་བཟུང༌།
།མགྱོགས་དང་པོ་བླངས་ཏེ་གསེར་ཁྲིར་བཞུགས།
།མཚན་སེང་ཆེན་ནོར་བུ་དགྲ་འདུལ་བཏགས།
།སྨན་འབྲུག་མོ་སྲིད་སྐྱོང་བཙུན་མོར་བསུས།
།ངས་ལྷ་མདའ་དར་ཚོན་སྣ་ལྔ་འཕངས།
།སྟོད་རྨ་ཤེལ་བྲག་རིའི་གཏེར་སྒོ་ཕྱེས།
།ལུས་ཁྲབ་རྨོག་འཁོར་བགསུམ་གཏེར་ནས་དྲངས།
།ངས་བཅུ་གསུམ་ལོ་ལ་གླིང་དམག་བསྡུས།
།འཛམ་གླིང་ཕན་བདེའི་སྤྱི་བསངས་བཏང༌།
།ལྷ་ཀླུ་གཉན་གསུམ་དབུ་འཕང་བསྟད།
།བདུད་བླ་འབྲོང་ཟངས་རྭ་རྩེ་དགུ་ཅན།
།མདའ་ལྕགས་ནག་མེ་འབར་རྩེ་ལ་དྲངས།
།ལོ་བཅོ་ལྔར་ལྷ་ཡི་ལུང་བསྟན་བཞིན།
།བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད།
།ཡུལ་ཆོས་ལ་སྒྱུར་བར་ལོ་དགུ་འགོར།
།ཕྱིར་སླེབས་དུས་གླིང་དཀར་ཧོར་གྱིས་བཅོམ།
།ལྕམ་འབྲུག་མོ་གུར་དཀར་རྒྱལ་པོས་འཕྲོགས།
།ཐབས་རྫུ་འཕྲུལ་མང་པོས་ལོ་མང་མྱུལ།
།ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད།
།བློན་བཤན་པ་རྨེ་རུ་གྲོགས་སུ་བཀུག
།མ་གོང་སྨན་རྒྱལ་མོས་བཀའ་ལུང་བཞིན།
།ངས་སོ་གསུམ་ལོ་ལ་དམག་སྣ་ཁྲིད།
།འཇང་ས་དམ་བཏུལ་ནས་ཆོས་ལ་བཀོད།
།ཡང་ལྷ་ཆེན་ཚངས་པའི་ལུང་བསྟན་བཞིན།
།ངས་སོ་དྲུག་ལོ་ལ་དཔུང་དམག་དྲངས།
།མོན་ཤིང་ཁྲི་བཏུལ་ནས་ཆོས་ལ་བཀོད།
།ཆེ་བདུད་དང་ཧོར་དང་འཇང་དང་མོན།
།འདི་ཕྱོགས་བཞིའི་དགྲ་བཞི་ཆོས་ལ་བཀོད།
།དམག་ཚེ་འདས་ཐམས་ཅད་འདྲེན་པའི་ཕྱིར།
།གནས་པོ་ཏ་ལ་རུ་མཚམས་ལ་བཞུགས།
།ཡང་བཞི་བཅུའི་ལོ་ལ་སྟག་གཟིག་བཏུལ།
།ནོར་གཏེར་སྒོ་ཕྱེས་ནས་ནོར་འགྱེད་བཏང༌།
།ཡང་ཞེ་གཉིས་ལོ་ལ་ཁ་ཆེ་ཡི།
ཁྲི་བཙན་རྒྱལ་པོ་བཏུལ་ནས་གཡུ་རྫོང་ཕབ།
།རྒྱ་དཀར་ནག་བོད་ཀུན་ཚིམ་པར་བྱས།
།ཡང་ཞེ་གསུམ་ལོ་ལ་སྲིན་ཡུལ་གྱི།
།རྨ་བྱ་རྒྱལ་པོ་བཏུལ་ནས་དར་རྫོང་དྲངས།
།ཡང་ཕྱི་ལོར་ཞང་ཞུང་རྒྱལ་པོ་བཏུལ།
།ནོར་མུ་ཏིག་རིན་ཆེན་གཏེར་བརྒྱ་དྲངས།
།ཡང་དེ་ནས་ཨ་གྲགས་གཟི་རྫོང་ཕབ།
།གཟི་མི་གཅིག་ཁྲི་ཚོ་བརྒྱད་བརྒྱ་དྲངས།
།ཡང་དེ་ནས་གྲུ་གུའི་གོ་རྫོང་ཕབ།
།གོ་མཚོན་ཆ་སྟོང་གི་དམག་འགྱེད་བཏང༌།
།ཡང་དེ་ནས་མེ་གླིང་གསེར་རྫོང་ཕབ།
།གསེར་ཇོ་བོ་ར་མ་གླིང་ལ་དྲངས།
།ཡང་དེ་ནས་མུག་གུ་དྲེལ་རྫོང་ཕབ།
།དྲེལ་རྨིག་ཆུང་གླིང་ལ་ཁྱུ་འདེད་བྱས།
།ཡང་སོག་པོ་མེ་རི་ཐོག་རྫོང་ཕབ།
།མདའ་སྒྱོགས་རྡོ་མཚོན་གྱི་འཕྲུལ་འཁོར་དྲངས།
།ཡང་དེ་ནས་མངའ་རིས་གསེར་རྫོང་ཕབ།
།གསེར་ཐུབ་པ་རང་བྱོན་གླིང་ལ་དྲངས།
།ལྷོ་འཛམ་གླིང་རྫོགས་ལྡན་དཔལ་ལ་བཀོད།
།ཡང་གངས་དཀར་བཙན་བདུད་ཡ་མེད་བཏུལ།
།ནོར་ཆུ་ཤེལ་མེ་ཤེལ་སྣ་ཚོགས་དྲངས།
།ཡང་ལྷོ་ནུབ་ཙ་རི་སྨན་རྫོང་ཕབ།
།ནད་བཞི་བརྒྱ་འཇོམས་པའི་སྨན་འགྱེད་བཏང༌།
།ཡང་དེ་ནས་བྱེ་རུའི་བྱུར་རྫོང་ཕབ།
།བྱུར་དཀར་དམར་སྐུ་རྟེན་གླིང་ལ་དྲངས།
།ཡང་དེ་ནས་རྒྱ་ནག་ཇ་རྫོང་ཕབ།
།ཇ་མེ་ཏོག་ཡོངས་འཛིན་ལ་སོགས་དྲངས།
།ལས་སྡིག་པའི་སྒྲིབ་ཆེན་བཤགས་པའི་སླད།
།ཤར་ཙོང་ཁ་ར་བར་མཚམས་ལ་བཞུགས།
།ཡང་རེ་བཞིར་དུང་དཀར་སྟག་རྫོང་ཕབ།
།དུང་དཀར་པོའི་སྒྲོལ་མ་ལ་སོགས་དྲངས།
།ཡང་དེ་ནས་རྒྱ་གར་ཆོས་རྫོང་ཕབ།
།ཆོས་པོ་ཏི་ཁྲི་འབུམ་བོད་ལ་དྲངས།
།ཆོས་དཀར་པོའི་བསྟན་པ་དར་བར་བྱས།
།ཡང་དེ་ནས་བལ་བོའི་འབྲས་རྫོང་ཕབ།
།འབྲས་དཀར་སེར་རྒྱ་མཚོ་བོད་ལ་དྲངས།
།ཡང་དེ་ནས་བྷེ་རའི་ལུག་རྫོང་ཕབ།
།ལུག་དཀར་ནག་ཁྲ་གསུམ་ཀུན་ལ་སྤེལ།
།འདི་ཡན་ཆད་རྫོང་ཆེན་བཅོ་བརྒྱད་དེ།
།གཞན་ད་དུང་རྫོང་ཆུང་སུམ་ཅུ་སོགས།
།དབང་བསྒྱུར་ཅིང་ཆོས་ལ་བཀོད་པ་མངས།
།དེ་རེ་རེ་བཤད་ན་ཟླ་རེ་དགོས།
།མི་གཅིག་གི་མི་ཚེས་འདང་ཡང་དཀའ།
།ངས་མི་ལོ་བརྒྱད་ཅུ་གྱ་བདུན་རིང༌།
།ས་གླིང་དཀར་སྟོད་དང་གངས་ཅན་བོད།
།ལྷོ་འཛམ་བུ་གླིང་འདི་དབང་ལ་བསྒྱུར།
།ངས་དབང་ལ་བསྒྱུར་ནས་ཆོས་ལ་བཀོད།
།ཆོས་དཀར་པོས་ཡུལ་ཁམས་ཞི་བདེར་བཟོས།
།ནོར་རིན་ཆེན་སྣ་བརྒྱའི་གཏེར་སྒོ་ཕྱེས།
།རྒྱུ་འབྱོར་བའི་དབྱར་མཚོ་རྒྱས་བར་བྱས།
།ང་སྐྱེ་ས་བོད་ཡུལ་གླིང་དཀར་སྟོད།
།ངའི་འགྲོ་དོན་བསྟན་དང་འགྲོ་བ་ཀུན།
།ངའི་མཛད་པ་དྲག་པོའི་དམག་དཔོན་ཚུལ།
།དོན་དེ་ཕྱིར་གླིང་རྗེ་སེང་ཆེན་ཐོགས།
།ད་གོང་མ་ལྷ་ན་བཞུགས་ན་ཡང༌།
།ངའི་འགྲོ་དོན་འཛམ་བུ་གླིང་ན་ཡོད།
།རྗེ་རྒྱལ་བ་ཞི་བདེའི་དེད་དཔོན་དེ།
།ང་ཞི་བའི་ཚུལ་དུ་བྱོན་པ་ཡིན།
།བཀའ་ཇི་བཞིན་སྒྲུབ་ན་བསམ་དོན་འགྲུབ།
།ཆོས་སངས་རྒྱས་བསྟན་པ་རྒྱས་གྱུར་ནས།
།དགྲ་ཀླ་ཀློ་མཐའ་དག་ཞི་འགྱུར་ཅིང༌།
།སྤྱིར་འཛམ་གླིང་ཞི་བདེའི་དཔལ་གཡང་དང༌།
།སྒོས་གངས་ཅན་བོད་ལ་བདེ་སྐྱིད་འཆར།
།སྐྱིད་རང་ལ་རག་ལས་གཞན་གྱིས་མིན།
།གཞན་གཅེས་འཛིན་སྐྱིད་ཀྱིགཞི་མ་ཡིན།
།གླུ་གོ་ན་རྣ་བའི་བུ་རམ་ཡིན།
།དོན་མ་གོ་བྱིས་པ་ལངས་ཤོར་ཡིན།
།བསམ་དོན་ཆོས་བཞིན་འགྲུབ་པར་སྨོན། །

    ཞེས་ཁོང་གི་བྱུང་བ་མདོ་ཙམ་བརྗོད་པའི་གླུ་འདི་བླངས་པ་དང་སྐད་ཅིག་ལ་མི་རྟ་འཁོར་གསུམ་དང་བཅས་པ་ནམ་མཁར་འཇའ་ལྟར་ཡལ་ལོ། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php