༄༅།།འཐབ་རྩོད་རྩ་བ་རྣམ་གསུམ།

 

 

ཞི་བདེའི་དེད་དཔོན་རྣམས་ལ་ཕྱག་འཚལ་ལོ། །

རང་དབང་འཐབ་རྩོད་ཀུན་གྱི་སྙིང་བོའི་དོན། །

རང་གཞན་སྐྱེ་བོ་ཀུན་ལ་ཕན་པའི་ལམ།།

ཇི་ལྟར་ནུས་བཞིན་སྤོབས་པས་བཤད་པར་བྱ།།

 

གང་དག་སྒེར་དོན་ཁོ་ནར་མ་ཆགས་ཤིང།།

རང་གཞན་ཕན་པའི་ལས་ལ་བརྩོན་པ་ཡིས།།

ཆོས་སྲིད་དགེ་བའི་ལམ་ལ་ཡིད་རྟོན་པའི།།

བློ་ལྡན་དེ་དག་དང་བླང་ངང་ནས་ཉོན།།

 

རྣམ་དག་ངོ་རྒོལ་མེད་པར་སྲིད་གཞུང་གི།

བཀས་བཀོད་གཡོ་འཕྲུལ་ཟློག་པའི་ཐབས་མེད་ལ།།

སྲིད་ལ་རྨོངས་པ་ཡིས་ཀྱང་བོད་མི་རྣམས།།

ཀུན་ནས་འཆིང་ཕྱིར་ཐོག་མར་གནས་བབ་སོམས།།

 

རང་དབང་རྙེད་དཀའ་ལས་ལ་དབང་མེད་པ།།

ཡིད་ལ་བསམས་ནས་འཕྲལ་བདེའི་སྐྱིད་སྣང་ལྡོག།

ལས་འབྲས་མི་བརྩི་མནར་གཅོད་སྡུག་བསྔལ་རྣམས།།

ཡང་ཡང་དྲན་ནས་ཕུགས་བདེའི་སྣང་འཕྲུལ་ལྡོག།

 

དེ་ལྟར་བསམས་པས་སྲིད་གཞུང་དྲིལ་བསྒྲགས་ལ།།

བདེན་སྙམ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང།།

ཉིན་མཚན་ཀུན་ཏུ་རང་དབང་དོན་གཉེར་བློ།།

བྱུང་ན་དེ་ཚེ་ངོ་རྒོལ་རྣམ་དག་ལགས།།

 

ངོ་རྒོལ་དེ་ཡང་རྣམ་དག་ལྷག་བསམ་གྱིས།།

ཟིན་པ་མེད་ན་མི་རིགས་རང་དབང་གི།

ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།

བློ་ལྡན་རྣམས་ཀྱིས་རྒྱལ་གཅེས་ལྷག་བསམ་བསྐྱེད།

 

ཤུགས་དྲག་དམག་དཔུང་ཆུ་བོས་ཀུན་ནས་བསྐོར།།

བཟློག་དཀའ་བཀའ་ཁྲིམས་བཙན་པོས་དམ་དུ་བསྡམས།།

སྒེར་སེམས་འགྱིག་གི་ཁུག་མའི་ནང་དུ་ཚུད།།

གཡོ་འཕྲུལ་རྨོངས་པའི་སྨག་ཆེན་ཀུན་ནས་འཐིབས།།

 

རང་ཡུལ་སྐྱེས་ཤིང་སྐྱེ་བའི་མི་རབས་ཀུན།།

ཏང་སྲིད་དམག་གིས་རྒྱུན་ཆད་མེད་པར་མནར།།

གནས་སྐབས་འདི་འདྲ་གྱུར་བའི་མི་རྣམས་ཀྱི།།

ངང་ཚུལ་བསམས་ནས་རྒྱལ་སྤྱིའི་སྙིང་སྟོབས་བསྐྱེད།།

 

སྲིད་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །

ངེས་འབྱུང་ལྷག་བསམ་སྙིང་སྟོབས་གོམས་བྱས་ཀྱང།།

སྲིད་གཞུང་མགོ་རྟིང་སློག་པར་མི་ནུས་པས།།

དེ་ཕྱིར་སྲིད་ལུགས་རྟོགས་པའི་ཐབས་ལ་འབད།།

 

གང་ཞིག་སྲིད་གཞུང་བྱ་བ་ཐམས་ཅད་ཀྱི།།

བྱས་འབྲས་ནམ་ཡང་བདེན་པ་མེད་མཐོང་ཞིང།།

དམིགས་ཡུལ་གཏད་སོ་སྙིང་བོ་བྲལ་མཐོང་བ།།

དེ་ནི་རང་དབང་འཐབ་རྩོད་ལམ་དུ་ཞུགས།།

 

རང་བཙན་ལོ་རྒྱུས་བསླུ་བ་མེད་པ་དང།།

རང་སྐྱོང་ཁས་ལེན་ཆོག་པའི་གོ་བ་གཉིས།།

ཇི་སྲིད་འགལ་ཟླར་སྣང་བ་དེ་སྲིད་དུ།།

ད་དུང་དབུ་མའི་དགོངས་དོན་རྟོགས་པ་མེད།།

 

ནམ་ཞིག་ཕྱོགས་ལྷུང་མེད་པར་གཉིས་ཕན་གྱི།།

ཞི་བདེའི་རྒྱལ་ཐབས་ཉིད་དུ་མཐོང་གྱུར་ནས།།

རང་རློམ་ཡིད་ཀྱི་འཁྲུལ་བ་འཇིག་གྱུར་ན།།

དེ་ཚེ་སྲིད་ཀྱི་བདེན་པ་མཐོང་བ་ཉིད།།

 

གཞན་ཡང་ཆོས་ཀྱིས་སྲིད་རྙོག་སེལ་བ་དང།།

སྲིད་ཀྱིས་ཆོས་མིན་འགོག་ཅིང་ཆོས་སྲིད་གཉིས།།

གཅིག་ཕན་གཅིག་གྲོགས་འཆར་བའི་ཚུལ་ཤེས་ན།།

མཐར་འཛིན་ལྟ་བས་རྨོངས་པར་མི་འགྱུར་རོ།།

 

དེ་ལྟར་སྲིད་ཀྱི་འཐབ་རྩོད་རྣམ་གསུམ་གྱི།།

གནད་རྣམས་རང་གིས་ཇི་བཞིན་རྟོགས་པ་དང།།

གཞན་ལ་སྒྲོགས་ཤིང་དཔའ་ངར་སྟོབས་བསྐྱེད་ནས།།

ཕུགས་ཀྱི་འདུན་མ་མྱུར་དུ་སྒྲུབ་ལ་བརྩོན།།

 

ཞེས་པ་འདི་ཡང་ཁ་བཤད་ལག་ཏུ་ལེན་དཀའ་ཆབ་བྲག་ཕོ་ཉ་བས་༢༠༡༢།༡།༡༧ཉིན<ལམ་གཙོ་རྣམ་གསུམ>ཐེངས་གཅིག་བཀླགས་རྗེས་ཐར་བའི་ལམ་གྱི་དཔྱོད་པ་ལས་ལྡོག་སྟེ་དབུ་མའི་ལམ་ཉིད་ཀྱི་དགོངས་དོན་ཡིད་ལ་དྲན་ནས་རྩོམ་ཐབས་འདི་ཉིད་ཀྱིས་སླར་ཡང་གསལ་འདེབས་ཤིག་བགྱིད་སྙམ་སྟེ་ཤར་མར་སྤེལ་བ་དགེའོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php