རྨི་ལམ་ནང་གི་མངོན་སུམ།

 

གླིང་ཆེན་པོའི་འགྱུར་བ་མིག་གིས་མཐོང།།

བོད་ཆེན་པོའི་ལས་སྐལ་སེམས་ཀྱིས་མཐོང།།

དེ་མཐོང་ཞིང་བསམ་བཞིན་གཉིད་ལ་ཤོར།།

གཉིད་སྐྱིད་པོའི་རྨི་ལམ་འདི་ལྟར་བྱུང།།

 

གངས་དཀར་པོའི་རྩེ་ལ་སྤྲིན་ཞིག་ལྷུང།།

སྤྲིན་འཇའ་ཚོན་འདྲེས་མས་གངས་རི་བཀླུབས།།

སེང་དཀར་མོ་ཞིག་གིས་གཡུ་རལ་སྤྲུགས།།

གསུང་གད་རྒྱངས་འདྲ་ཞིག་འདི་ལྟར་བསྒྲགས།།

 

གནས་ལྷ་ས་སྔོན་གྱི་རྒྱལ་ས་ཡིན།།

བོད་ཁ་བའི་བླ་མཁར་སྨུག་པོ་ཡིན།།

བོན་ཆོས་རྒྱལ་དུས་སུ་ལུགས་གཉིས་དར།།

མཚན་སྙན་གྲགས་རྒྱལ་ཁམས་ཀུན་ཏུ་ཁྱབ།།

 

དབྱངས་གསལ་བྱེད་སོ་བཞིའི་འཕྲུལ་ཡིག་གིས།།

ཆོས་མདོ་སྔགས་འཕགས་པའི་ཡུལ་ནས་བསུས།།

མི་མཁས་པའི་སྐྱེས་རབས་གཙང་པོའི་རྒྱུན།།

ས་འཛམ་གླིང་སྐྱེ་དགུའི་གསོས་སུ་བཞུར།།

 

ཡུལ་ཆེན་པོར་རི་རྒྱ་ཀླུང་རྒྱ་བསྡམས།།

མི་ཀུན་ལ་རྒྱལ་ཁྲིམས་ཆོས་ཁྲིམས་བཅས།།

བོད་སྣོད་བཅུད་དགེ་མཚན་བསམ་མི་ཁྱབ།།

དེ་གནའ་རབས་བོད་ཀྱི་ལོ་རྒྱུས་ཡིན།།

 

སྲིད་དབང་ཆར་རྔམ་པའི་བླ་དཔོན་ཚོས།།

ཆོས་དགོན་སྡེ་དམག་གི་རྫོང་མཁར་བྱས།།

སྟོད་རྒྱ་གར་ཆོས་ལམ་དཀར་པོ་བཅད།།

སྨད་རྒྱ་ནག་ཇག་ལམ་དམར་པོ་ཕྱེས།།

 

རྒྱ་གོང་མའི་ཐམ་ག་གནམ་ལ་ཕྱར།།

ཧོར་ཆེན་པོའི་དམག་གི་ལམ་སྣ་དྲངས།།

བོད་ནང་ཁུལ་དབང་ཆ་འཕྲོག་རེས་བྱས།།

ཆོས་ཆབ་སྲིད་འདྲེས་མས་ལུགས་བཟང་བསླད།།

 

གླིང་ཆེན་པོའི་འགྱུར་རླབས་མ་མཐོང་གཅིག།

རྒྱ་དམར་པོའི་གཡོ་བྱུས་མ་རྟོགས་གཉིས།།

ནང་སྤུན་ཟླའི་དཔུང་གདང་འཐོར་བ་གསུམ།།

བོད་ཕམ་ཁའི་ཕྱི་ནང་འགལ་རྐྱེན་མང།།

 

བོད་མཐའ་མཚམས་སོ་སྲུང་མེད་པའི་ཐོག།

རྒྱ་ཇག་དམག་གདོང་འཐབ་མ་ནུས་པར།།

བོད་ཆོས་ལྡན་ཀླ་ཀློའི་བྲན་ཏུ་གྱུར།།

དེ་ཉེ་རབས་བོད་ཀྱི་ཕམ་ཁ་ཡིན།།

 

ལྷ་ཆོས་སྐྱོང་སྲུང་མའི་ལུང་བསྟན་གནང་།།

རྗེ་རྒྱལ་བའི་ཡེ་ཤེས་དབྱིངས་དཔྱད་གནང་།།

བུ་རྒོད་པོའི་དཔུང་གི་སྲུང་སྐྱོབ་བཅས།།

བོད་བཙན་བྱོལ་དུམ་ཞིག་རྒྱ་ལས་ཐར།།

 

གནས་རྒྱ་གར་ཡུལ་མིས་དགའ་བསུ་བྱས།།

ཕྱི་རྒྱལ་ཁབ་དུ་མས་རྒྱབ་སྐྱོར་བྱས།།

བོད་བཙན་བྱོལ་གཞུང་གི་གནས་གཞི་བཅས།།

བོད་གཞིས་བྱེས་རེ་བའི་གཞི་མ་ཆགས།།

 

རྗེ་རྒྱལ་བའི་ཐབས་མཁས་ཐུགས་རྗེ་མཐུས།།

སྲིད་དམངས་གཙོའི་ལམ་བཟང་ཡུན་གྱིས་བསྐྱངས།།

ཆོས་རིག་གནས་རྒྱུན་འཛིན་དར་སྤེལ་གནང།།

བོད་སེང་དར་རྒྱལ་ཁམས་ཡོངས་སུ་ཕྱར།།

 

དེ་དེང་སང་བོད་ཀྱི་གནས་བབ་སྟེ།།

དོན་དེ་དག་བློ་ལ་ངེས་པའི་ཐོག།

དུས་ད་ལྟའི་འོས་འགན་སྒྲུབ་པ་ལ།།

སེང་དཀར་མོའི་རེ་བ་ཚིག་གསུམ་ཞུ།།

 

བོད་དུམ་བུར་ཆད་ཀྱང་ཁྱིམ་ཚང་གཅིག།

སྐད་རིག་གནས་ཁྱིམ་རྒྱུད་ནོར་བུ་ཡིན།།

ནང་དམ་ཚིག་ནང་མིའི་གསོན་ཤུགས་ཡིན།།

བོད་མི་རེའི་ཡིད་ལ་ཉིན་རེར་སྒོམས།།

 

རྗེ་རྒྱལ་བ་འཚོ་གཞེས་སྐལ་བཟང་འདིར།།

གསུང་ཚད་མར་བཟུང་ནས་རྗེས་སྙེགས་དང་།།

རྩེ་ཕོ་བྲང་རི་བོ་གྲུ་འཛིན་ནས།།

སྐྱིད་ཉི་མ་འཆར་ལ་ཡུན་མི་རིང་།།

 

རྗེ་སྲིད་སྐྱོང་དམངས་ཀྱིས་བསྐོས་པ་དེས།།

དུས་ད་ལྟའི་སྲིད་སྐྱོང་འོས་གཞི་རྣམས།།

བློན་ཆེན་པོའི་དཔུང་རོགས་བདམས་གྱུར་ན།།

ནང་བཀྲ་ཤིས་ཕྱི་ཡི་དོན་ཡང་འགྲུབ།།

 

གསུང་གད་རྒྱངས་འདྲ་འདིས་སེམས་རྩ་དྲོས།།

འདི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན།།

དེ་སྙམ་པའི་མོད་ལ་གཉིད་ལས་སད།།

ངའི་གློག་ཀླད་ངོས་ནའང་རྩོམ་ཞིག་གྲུབ།།

འདི་རྨི་ལམ་མངོན་སུམ་གཉིས་ག་ལགས།།

 

༢༠༢༠་ ༡༡་ ༠༧

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php