༄༅། །སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་གུས་འདུད་དུ་ཕུལ་བའི་སྙན་ཚིག་པད་དཀར་ཚོམ་བུ

 

(ཚིགས་བཅད་རེ་རེའི་ནང་དུ་དཔའ་རྒོད་རེ་རེའི་མཚན་ཡིག་གཏོར་ཡོད་པས།གལ་ཏེ་ཁྱེད་རང་དཔའ་བོའི་མཛད་རྗེས་ལ་སྨོན་པའི་ཨ་མའི་བུ་རེ་ཡིན་ན་ཤེས་སྲིད།)

 

རྒྱལ་གཅེས་ཆོས་གཅེས་དཔའ་བོའི་བློ་སྟོབས་རྒོད།
ངུར་སྨྲིག་ན་བཟའ་བཟང་པོའི་གོ་ཆ་བཙན།
སྐུ་ཚེ་ཧྲིལ་བོ་གངས་ལྗོངས་བསྟན་སྲིད་སླད།
ཕུལ་ཏེ་བརྩོན་འགྲུས་ཕ་རོལ་ཁྱོད་ཀྱིས་བགྲོད།

དང་པོ་ཞི་བདེ་བསྟན་པའི་སྒོ་མོར་འཛུལ།
བར་དུ་ཞི་བདེ་རྒྱལ་ཐབས་ལས་ལ་བརྩོན།
ཐ་མར་དྲག་པོའི་མནར་གཅོད་བཙོན་དུ་བཞུགས།
ཕུལ་བྱུང་དཔའ་བོའི་རྣམ་ཐར་ཁྱོད་ཀྱིས་བསྐྱངས།

བསོད་ནམས་གཡང་ཁྱིམ་དོར་ནས་དོན་ཆེན་བསྒྲུབས།
ལྕགས་སྒྲོག་སྔོན་མོའི་སིལ་སྒྲས་སྙིང་སྟོབས་གསོས།
བཙན་དབང་བཙོན་རའི་མནར་གཅོད་སྣ་ཚོགས་པའི།
ངན་དགུ་འདུས་པའི་གནོད་པས་མ་ཐུལ་གཤེགས།

གཞན་ལས་ལྷག་པའི་དཔའ་མཛངས་རབ་ཏུ་རྒོད།
གངས་སེང་གཞོན་ནུའི་རང་བཙན་ཚོགས་པ་བཙུགས།
གངས་རིའི་ཕང་བར་བཞུགས་ཚེ་མ་རིང་ཡང༌།
རྒྱལ་གཅེས་དཔའ་བོའི་གཟི་བརྗིད་ཉམས་པ་མེད།


མི་ཚོགས་ཁྲོད་དུ་སེང་དར་མཐོན་པོར་བསྒྲེངས།
རང་བཙན་འབོད་སྒྲའི་དཔའ་སྐད་མཁའ་ལ་བསྒྲགས།
ལུགས་གཉིས་ཆེད་དུ་རང་སྲོག་བསྡོས་པ་ཀུན།
བསོད་ནམས་གཞན་ལས་རིན་ཐང་ཆེན་པོར་བསྔགས།

སྐད་ངག་ཆེན་པོས་རང་དབང་བརྩད།
རྡུང་རྡེག་དྲག་པོས་ཀླད་ཁྲག་མཆོད།
བདེན་དོན་སླད་དུ་ལུས་སྲོག་སྦྱིན་པ་ཀུན།
སངས་རྒྱས་བསྟན་པའི་རྒྱལ་སྲིད་འཕེལ་ཕྱིར་བསྔོས།

བོད་དོན་འོས་ལངས་ཚོགས་པར་ཞུགས།
རང་བཙན་སྦྱར་ཡིག་ཕྱོགས་སུ་བཀྲམ།
ལས་སྐལ་བཟང་པོ་སྙིང་དུ་སྦྲུམ།
མཐུ་སྟོབས་ཡོད་དགུ་རྩལ་དུ་སྤྲུགས།

ཤེས་རབ་གཞོན་དུས་འཕེལ་བ་མང་ན་ཡང༌།
ན་ཆུང་དཔའ་བོ་ཆགས་པ་ཁ་ཤས་ཤིག
མགྲིན་ངག་ཡངས་པོས་རང་དབང་རང་བཙན་གྱི།
བདེན་ཚིག་གླུ་སྒྲས་རང་སྲོག་ནོར་བུ་བཀས།

རང་གི་ཕུན་ཚོགས་བློས་བཏང་ནས།
རང་བཙན་གླུ་དབྱངས་ཆེར་བསྒྲགས་ཏེ།
རང་དབང་བདེ་སྐྱིད་གསར་བའི་ཆེད།
རང་སྲོག་ལེགས་སྐྱེས་ཕངས་མེད་ཕུལ།


རྒྱལ་གཅེས་རིང་ལུགས་འུར་གཏམ་སྙིང་ལ་ཕོག
རྒྱལ་བསྟན་འཛིན་སྐྱོང་དཔའ་བོར་རྡུང་རྡེག་ཕོག
རྩིབས་མ་བཅག་པའི་རུས་ཆག་མཆིན་པར་ཟུག
ཡེ་ཤེས་ལྷས་ཀྱང་བཅོས་ཐབས་མ་རྙེད་གཤེགས།

དྲང་བདེན་སྐྱོང་ཕྱིར་བདེན་པའི་བརྟུལ་ཞུགས་བཟུང༌།
རང་བཙན་ཡིག་ཆའི་བཀྲ་ཤིས་གཏམ་བཟང་བསྒྲགས།
གཅར་རྡུང་དྲག་པོས་ཚེ་སྲོག་དུམ་བུར་བཅད།
འོན་ཀྱང་རིང་བོའི་ཕུགས་བསམ་རིང་དུ་མཆེད།

བྱམས་བརྩེ་ཆོས་ཀྱིས་རང་བཞིན་འཇམ་གྱུར་པས།
ཞི་བའི་དབྱངས་ལས་བདེན་པའི་འཕྲིན་བཟང་གྱེར།
འོན་ཀྱང་མདའ་མོས་གཤོག་སྒྲོ་ཁུར་བ་བཞིན།
དྲག་པོའི་ལས་ཀྱིས་གཤིན་རྗེའི་སྒོ་ཁར་བརྫངས།

རིག་རིག་མིག་གིས་དགྲ་ལ་ལྟ་བཞིན་དུ།
གྲུ་འཛིན་རི་བོའི་མདུན་དུ་བདེན་པའི་གཏམ།
ཆོས་ལྡན་ཞིང་ཕྱིར་ལན་མངས་བསྒྲགས་པས་ན།
འཇིག་རྟེན་ས་མཚམས་འདི་ལས་བརྒལ་བ་ལགས།

སྨྲ་བརྗོད་ངག་གི་རང་དབང་བྲལ་བ་དང༌།
བདེ་སྐྱིད་འཚོ་བའི་ཁྱིམ་གཞིས་སྟོངས་ན་ཡང༌།
ཆོས་ཀྱི་རྒྱལ་མཚན་འཕྱར་བའི་སྐལ་བཟང་གི
འདུན་མ་མ་བརླགས་བདེན་དོན་སླད་དུ་གཤེགས།


ཤིང་བཟོ་སྦྱངས་པ་མདའ་གཞུ་བཟོ་ཕྱིར་མིན།
ཡིན་ཡང་དགྲ་ལ་སྡང་བའི་མེ་ལྕེ་མཆེད།
གསོན་དུས་བཀྲ་ཤིས་ཕུལ་བྱུང་མཚན་སྙན་ཐོབ།
གཤེགས་ཚེ་དཔའ་བོའི་སྙན་གྲགས་རིང་དུ་འཕུར།

གྲ་བཞི་བཙོན་ཁང་ཡངས་པའི་ཐང་ཆེན་དུ།
བཙོན་གྲོགས་དགུ་བརྒྱ་བཙན་གྱིས་ཕྲེང་ལ་བསྟར།
ཉེན་རྟོག་དྲག་ཆས་དཔུང་གིས་མཐའ་འཁོར་བསྐོར།
ལྔ་གཅིག་དུས་ཆེན་སྲུང་བརྩིའི་ཁྲག་དར་བསླངས།


སྐབས་དེར་དཔའ་བོའི་གད་རྒྱངས་འདི་སྐད་བསྒྲགས།
རྒྱ་འདྲེའི་ཁྲག་དར་བོད་ལ་འཛུགས་ས་མེད།
གངས་ཅན་བོད་ལ་སེང་གེའི་དར་ཆེན་ཡོད།
ྋགོང་ས་ཆེན་པོ་ཁྲི་ལོ་བརྟན་པར་ཤོག


དེ་ལྟའི་འབོད་ཚིག་རླབས་སྒྲ་འཕྱུར་བ་དང༌།
ལྷན་ཅིག་དྲག་གནོན་མཚོན་གྱི་སེར་བ་ཕབ།
བཀྲ་མི་ཤིས་པའི་ཟིང་ཟིང་ལང་ལོང་ཁྲོད།
ལྷ་དང་ལྷ་མོ་འདྲ་རྣམས་འདྲེ་སྡེས་བཅོམ།

རྣམ་ཀུན་བཅིངས་གྲོལ་ཡོན་ཏན་འུད་ཀྱིས་སྒྲོག
བདེན་རྫུན་ས་མཚམས་གཅོད་པའི་རྒྱལ་ཁྲིམས་མེད།
གྲུབ་པའི་སྐྱེས་ཆེན་པད་མ་འབྱུང་གནས་མཁྱེན།
ཚུལ་ལྡན་ཁྲིམས་བཟང་དཔལ་མོ་གང་དུ་ཡལ།
དཔའ་བོ་དཔའ་མོའི་རྣམ་ཤེས་གང་དུ་འཁྱམས།
ཟུངས་ཁྲག་དྲོན་མོའི་བཞུར་རྒྱུན་ནམ་ཞིག་འཆད། །

 

༢༠༠༢།༡༠།༢༠

 

ད་དུང་ཁ་སྣོན་བྱེད་རྒྱུ། ཁོང་ཅག་གི་ངོ་སྤྲོད་མདོར་བསྡུས་རེ་འགོད་ཆོག

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php