༄།ཡི་དམ་ཚེ་རིང། 

 

 

 

ལྷོ་སྤྲིན་སྔོན་མོའི་ལྡིར་སྒྲ་གཅིག་གིས་སྦྲང་ཆར་མེ་ཏོག་ཀུན་ལ་གཏོར།

རྨ་བྱ་སྒེག་མོས་མཆོང་ལྡིང་གཅིག་གིས་སྒྲོ་མདོངས་འཇའ་ཚོན་གུར་དུ་ཕུབ།

གློག་ཞགས་འཁྱུག་པའི་འདར་ཡོམ་རེ་རེས་མུན་པའི་གདོང་རས་སྐད་ཅིག་དབྲལ།

གཤོག་ཡངས་རྒོད་པོས་ནམ་འཕང་སྟོད་ཀྱིན་ཡངས་པའི་ས་ཆེན་ཕ་མཐའ་གཟིགས།

 

འོན་ཀྱང་སེམས་ཀྱི་རྨོངས་སེལ་གཟེངས་སྟོད་སྙན་དངགས་མཁན་པོའི་སྙུག་རྩེ་ཉིད།

 

<<གངས་ལྗོངས>>གླུ་རུ་ལེན་པའི་གླུ་བ་ཏི་སེའི་སྤོ་ན་འགྱིངས་ངེར་བཞུགས།

གངས་སེང་དཀར་མོ་གཞན་དུ་མི་འཚོལ་དོན་གྱི་གངས་སེང་ཁྱོད་འདྲ་ལགས།

 

གཤེགས་ཤུལ།


ཨ་མའི་ངག་ལས་གླུ་ཡི་འགྱུར་ཁུགས་བཏུས།

མཁས་པའི་གསུང་ལསབསམ་བློའི་འཚོ་བཅུད་འཇིབས།

འཚོལ་སྙེག་ལམ་ནས་གསར་གཏོད་མེ་ཏོག་བཞད།

མི་ཚེའི་རིན་ཐང་སྒྱུ་རྩལ་མཐུ་ཡིས་བསྐྲུན།

 

རིགས་ཀྱི་ལར་ཞེན་སྟོད་པའི་སྙན་དངགས་པ།

 

བརྩེ་སེམས་མཁའ་ལ་ལུད་པའི་ཟེགས་མ་རེར།

ཟབ་དོན་འོད་ཀྱི་ཟེར་མ་ལམ་ལམ་འཕྲོ། །


༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php