སྡུག་སྣ་དགུ་མྱངས་པ་སུ་ཡི་དྲིན།

 

 

 

རྣམ་ཤེས་འཁྱམ་པོ་བཟུང་ནས་ལྟོ་བར་བཅུག 

ཟླ་དགུ་ཞག་བཅུར་མུན་ནག་བཙོན་དུ་བཀག

གཡོ་འགུལ་དྲག་པོས་ཉིན་མཚན་གཅིར་ཅིང་བརྡབས།

དམྱལ་བའི་བུ་ང་དེས་ཀྱང་མ་ཤི་ཐར༎

 

སྐབས་རེར་ཚ་བོ་འཐུངས་ནས་སྲེག་ལ་ཁད།

མཚམས་རེར་གྲང་མོ་འཐུངས་ནས་འཁྱག་ལ་ཁད།

མི་གཙང་དྲི་མས་སྣ་བུག་འགགས་པར་བྱས།

ཡི་དྭགས་བུ་ངས་ལྟོག་སྐོམ་ཅི་ཡང་མྱོང་།།

 

ཤུགས་དྲག་རླུང་གིས་མར་ལ་བཙན་གྱིས་དེད།

མདོམས་ཀྱི་འགག་ནས་བཙིར་ནས་བརྒྱལ་ལ་ཁད།

མགོ་བོ་ཐུར་དུ་བསྐོར་ནས་སྒོ་ལ་གཡུགས།

ལས་ཀྱི་བུ་ང་འཇིག་རྟེན་འདི་རུ་འཁྱམས།།

 

རྩུབ་མཁྲེགས་མལ་དུ་མ་བཟོད་ངུ་ངག་ཤོར།

རང་དབང་མ་ཡོད་གཅིན་སྐྱག་མལ་དུ་ཤོར།

ནུར་མ་གོག་གིས་རྐང་བཞིའི་ལད་ཟློས་བྱས།

དུད་འགྲོའི་བུ་ང་བསམ་མེད་ལྐུགས་པ་ཞིག།

 

བཙོན་པ་བཞིན་དུ་ལན་རེར་བཅིངས་ནས་བཞག

སྒོ་ཁྱི་ཇི་བཞིན་མཚམས་རེར་བཏགས་ནས་སོང་།

ཁུར་བོ་ལྟ་བུར་སྐབས་རེར་གསིག་ནས་བརྒྱུགས།

མི་ཡི་བུ་ང་དེ་ལྟར་གཉོམ་ལག་རྒྱས།

 

ལན་རེར་སྡིགས་དམོད་ཚིག་གིས་སེམས་པ་རྨས།

མཚམས་རེར་ཐལ་ལྕག་དྲག་པོས་ཨོང་ཤ་ཚ།

རྒྱུན་དུ་རྟ་ནོར་ལུག་དང་འཐབ་མོ་བྱས།

ལྷ་མིན་བུ་ང་དེ་ལྟར་སྦྱོང་བརྡར་ཐོབ།

 

མནའ་མ་བླངས་ཏེ་ཁྱིམ་གྱི་བཙོན་དུ་བཅུག

བྱིས་པ་དུ་མས་ཁ་ཟས་རྒྱབ་གོས་འཕྲོགས།

ན་བ་རྒ་བས་འཆི་བ་དྲན་དུ་བཅུག

ལྷ་ཡི་བུ་ངས་ད་ནི་ལྷ་ཆོས་བྱེད༎

 

ཐོག་མར་གང་གི་མངལ་དུ་སྦྲུམ་པ་ནས།

མཐའ་མར་རྒས་ནས་འཆི་བ་མ་སླེབས་བར།

བདེ་སྡུག་ཚང་མ་ཨ་མས་གནང་འདྲ་སྟེ།

སྔོན་བསགས་ལས་དབང་ཡིན་པ་སུ་ཡིས་ཚོར།།

 

ང་ཡིས་གང་མྱངས་སྡུག་བསྔལ་བརྒྱ།

མ་ཡིས་བསྐྱངས་པའི་བཀའ་དྲིན་ཡིན།

བྱམས་དང་བརྩེ་བའི་སྐྱོང་ཐབས་བརྒྱ།

ཨ་མའི་སྡུག་གི་ཁུར་ཆེན་ཡིན།།

 

རང་སྡུག་རང་གི་ལས་ཀྱིས་ཏེ།

ཕ་མར་འཁང་བ་ཅི་ལ་འོས།

བླ་མ་ཐུགས་རྗེ་ཅན་རྣམས་མཁྱེན།

ཨ་མ་བཀའ་དྲིན་ཅན་ཚོར་གཟིགས།།

 

ཆབ་བྲག་ཕོ་ཉས་ཧྥ་རན་སིའི་རྒྱལ་ས་ཕ་རིས་སོ་ནས་༢༠༡༧ ༠༤ ༡༤ ལ༎

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php