བུ་ཁེར་སྐྱེས་མཐུ་སྟོབས་དམངས་ཀྱིས་བསྐྱེད།

 

 

 

གངས་ཅན་མགོན་པོ་སྤྱི་གཙུག་རྒྱན་དུ་བཞུགས།།

ཆོས་སྐྱོང་སྲུང་མ་བསྟན་སྲིད་གྲོགས་སུ་བསྟེན།།

གཞུངས་དྲང་མི་མང་མཐུན་ལམ་ཆིག་བསྒྲིལ་གྱིས།།

བོད་དོན་བདེན་མཐའ་གསལ་བའི་ཐབས་ལ་གཞོལ།།

 

སྤྱིར་ན་བོད་འདི་འཛམ་གླིང་ཏོག།

སྒོས་སུ་དེང་སང་རྒྱལ་སྤྱིའི་སྤུན།།

ལྷག་པར་ཐུབ་བསྟན་སྲོག་ཤིང་སྟེ།།

འགྲོ་བ་མི་ཡི་རྒྱན་གཅིག་ལགས།།

 

དེ་ཡང་སྤྱན་རས་གཟིགས་དབང་མཆོག།

རྣམ་སྤྲུལ་བསྟན་འཛིན་རྒྱ་མཚོ་ཡི།།

ཐབས་མཁས་ཐུགས་རྗེའི་མཛད་བརྒྱ་ཡི།།

དགེ་ལེགས་འབྲས་བུ་སྨིན་པས་སོ།།

 

ལྷག་པར་བཙན་བྱོལ་བོད་འབངས་ཡོངས།།

བྱམས་བརྩེའི་གདུགས་དཀར་ཁྱིམ་གཅིག་ཏུ།།

ལེགས་བསྡུམས་དམངས་གཙོའི་ལམ་སྲོལ་མཆོག།

དུས་དང་འཚམ་པར་སྐལ་དུ་སྦྱིན།།

 

མི་ལོ་དྲུག་ཅུའི་ལོ་ཟླ་བརྒྱུད།།

བཅའ་ཁྲིམས་གཏན་འབེབས་མང་གཙོ་ཡི།།

ཀ་ཆེན་གསུམ་པོ་བརྟན་པོར་བསླངས།།

བདེན་དོན་འཐབ་རྩོད་རྩ་བ་བཙུགས།།

 

དམངས་བསྐོས་བཀའ་བློན་ཁྲི་པ་སྟེ།།

ཟམ་གདོང་གླང་པོས་ལོ་བཅུའི་རིང་།།

ཐབས་མཁས་སྣ་ཞགས་རིང་པོ་ཡིས།།

གཞུང་དམངས་ཚད་མཐོའི་རི་རྩེར་བསྐྱལ།།

 

ལོ་དང་བློ་གཉིས་གཞོན་པའི་དཔུང་།།

ཨ་གསར་རྟ་ལ་ཞོན་དྲགས་ཏེ།།

སེང་གེའི་ཕྲུ་གུ་ཁྲི་ཁར་བསུས།།

ལོ་བཅུར་སེང་ཕྲུག་མཐུ་རྩལ་ངོམ།།

 

ཕྱི་རོལ་དགྲ་ཟླར་གད་བརྒྱངས་བསྒྲགས།།

ནང་གི་སྤུན་ཟླར་མཆེ་སྡེར་བགྲད།།

ཁྲིམས་ཀྱི་གཡུལ་སར་རལ་བ་བསྙིལ།།

མཐའ་མར་ཝ་སྤྱང་གྲོགས་སུ་བསྡེབས།།

 

མངའ་རིས་སྟོད་ཀྱི་བླ་འབྲོང་གང།།

སེང་གེའི་ཁྲི་ལ་ཁུགས་སྙམ་ཡང་།།

སྤྱི་མཐུན་བསོད་ནམས་མཐུ་ཆུང་བས།།

གཡང་གི་སྒོ་ཟོག་རི་རྩེར་ལུས།།

 

འོན་ཏེ་སྣང་རའི་དཔའ་བོའི་རྒྱུད།།

བྱེས་ཀྱི་གཡག་རྒོད་དར་མ་གང།།

མང་མོས་འཕྲུལ་གྱི་ཞགས་པ་དེ།།

འཕེན་ཐེངས་གཅིག་གིས་སེང་ཁྲིར་བཀུག།

 

སྤྱི་ཕན་མེད་པའི་དཔོན་རིགས་གཅིག།

ཁྲིམས་ལ་རྨོངས་པའི་སྤྱི་འཐུས་གཉིས།།

རི་བོང་ཅལ་འདྲོགས་རྗེས་འཇུག་གསུམ།།

ལྷན་སྡེབ་དམངས་གཙོའི་ཀ་ཆེན་བསྒྱེལ།།

 

ཟམ་གདོང་ཅང་ཤེས་འཚེར་སྐད་ཀྱིས།།

ཁྲིམས་ལ་རྨོངས་རྣམས་གཉིད་ལས་བསླངས།།

ལོག་སྨྲའི་ཝ་ཚོགས་སྡུག་སྐད་ཤོར།།

གཟུར་གནས་སྐྱེ་བོས་ཐལ་མོ་སྦྱར།།

 

ཁྲིམས་འགལ་གྲོས་ཆོད་ཁྲིམས་ཀྱིས་མནན།།

ཁྲིམས་ཞིབ་རྣམ་གསུམ་ཁྲི་ལ་བཞུགས།།

སྲིད་སྐྱོང་གསར་བ་སྲིད་ཁྲིར་བསུས།།

སྲིད་སྐྱོང་ཟུར་པས་སྲིད་ཐམ་གནང།།

 

སྤྱི་ལྷན་ལྷག་མས་སྤྱི་དོན་དོར།།

ཁས་ལེན་མེད་པའི་ཀུ་ཅོ་བསྒྲགས།།

སྤྱི་གསར་ཉེར་གཉིས་ལོགས་སུ་བུད།།

ཁྲིམས་འགལ་དམ་བཅས་ཟློས་གར་འཁྲབ།།

 

བཅའ་ཁྲིམས་མ་བརྩིས་ཁྲིམས་མཐུན་མེད།།

མང་མོས་མ་བཀུར་ཆིག་སྒྲིལ་མེད།།

སྤྱི་དོན་མི་བསམས་སྤྱི་འཐུས་མིན།།

གཏོར་རྒྱུ་སླ་སྟེ་འཛུགས་རྒྱུ་དཀའ།།

 

སེང་ཕྲུག་རྩེན་ཤུལ་ཁང་སྟོང་དུ།།

གཡག་རྒོད་གང་ཁྱེད་མ་བསྒྱིངས་ན།།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི།།

རེ་ཞིག་མཚེར་ཤུལ་ལྟ་བུར་གྱུར།།

 

གོང་ས་མཆོག་གི་བཀའ་སློབ་གཅིག།

སྲིད་ཞི་བདེ་སྐྱིད་གཞུང་ཐམ་གཉིས།།

མང་མོས་དམངས་ཀྱི་རེ་འདུན་གསུམ།།

སྲིད་སྐྱོང་གཅིག་པུའི་ཁུར་དུ་ལྕི།།

 

ལྷ་སྲུང་དཔུང་རོགས་བཅོལ་བ་ལེགས།།

མི་དམངས་གྲོགས་སུ་བསྡེབས་པ་ལེགས།།

སྐབས་དོན་འོས་འགན་སྒྲུབ་པ་ལེགས།།

ལེགས་པ་གསུམ་པོས་ཁྱེད་ལ་བསྔགས།།

 

སྤྱི་དོན་ལྷག་བསམ་བཅོས་མིན་དགོས།།

གཟུར་གནས་ཁོག་རྒྱ་ཡངས་པོ་དགོས།།

མི་མང་དགའ་བས་རྒྱབ་སྐྱོར་དགོས།།

ད་གཟོད་མཐུ་སྟོབས་རྒྱས་པར་འགྱུར།།

 

བཅའ་ཁྲིམས་ལས་ལྷག་དམངས་ཁྲིམས་མེད།།

ཁྲིམས་ཞིབ་ཁང་ལས་ཁྲིམས་དཔོན་མེད།།

སྲིད་སྐྱོང་ཉིད་ལས་བཀའ་ཤག་མེད།།

ཀ་ཆེན་རྣམ་གཉིས་བརྟན་གྱུར་ཅིག།

 

དཀར་ཕྱོགས་སྐྱོང་བའི་ལྷ་མིའི་ཚོགས།།

ཆིག་སྒྲིལ་ནུས་པ་རྡོ་རྗེ་ཡིས།།

དམར་ཤོག་ནག་ཕྱོགས་མཐའ་དག་ལས།།

རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག། །།

 

 

ཁ་སྣོན།

 

འུ་ཐུག་ཐབས་ཟད་མཐའ་མ་ལ།།

ཡིད་བཞིན་ནོར་བུར་སྐྱབས་འཇུག་ཞུས།།

བཅའ་ཁྲིམས་གཞིར་བཟུང་ལམ་སྟོན་སྩལ།།

སྤྱི་མོས་གོང་བཀུར་དམ་བཅའ་བཞག།

 

སྤྱི་ལྷན་ཚོགས་གཙོ་བགྲེས་གཞོན་བདམས།།

བཀའ་བློན་བུད་མེད་རྣམ་གསུམ་བདམས།།

གྲོས་ར་ཚོགས་ཐེངས་ཐོག་མ་ཡི།།

གོམ་པ་དང་པོ་ཁྱར་ཁྱོར་སྤོས།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php