༄༅། །འཁྲུངས་སྐར་གྱི་ཚོར་སྣང་དང་ཁ་བཏགས་དཀར་པོའི་འོད་སྣང།

 


    སྤྱི་ཟླ་བདུན་པའི་ཚེས་དྲུག དེ་རིང་བོད་གཞིས་བྱེས་གཉིས་དང། རྒྱལ་ཁབ་མང་པོ་ཞིག་གི་ནང། ཐ་ན་ང་ཚོའི་བོད་མི་གཅིག་རེ་ལས་མེད་སའི་ས་ཆ་གང་ཞིག་ན་ཡང་རང་ཉིད་ཀྱི་སེམས་པ་དཀར་པོ་དེ་ཁ་བཏགས་དཀར་པོ་ཞིག་གིས་དྲངས་ཏེ་༧གོང་ས་མཆོག་གི་སྐུ་པར་ལ་སྒྲོན་གྱིན་ལོས་ཡོད། ཁོ་ཚོས་སྨོན་ཚིག་ཉག་གཅིག་སྒྲོག་གི་ཡོད་པ་དེ་ཡང། ༧གོང་ས་༧སྐྱབས་མགོན་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག ཅེས་པ་འདི་རང་ཡིན་ངེས་ལ། དེ་ལྟར་ཡིན་པར་སྨོན།
    འཁྲུངས་སྐར། བཀྲ་ཤིས་པའི་ཉི་མ་འདི་ལོ་རེར་ཐེངས་རེར། ལོ་ངོ་རེ་བདུན་འགྱངས། ཉུང་ངུ་ཞིག་མིན་ན་ཡང། ང་ཚོར་ཧ་ཅང་ཉུང་ངུ་ཞིག་གི་ཚོར་སྣང་ཡོད། ང་ཚོ་ཉི་མ་འདི་ལ་ཅི་འདྲ་ཞིག་དགའ་ཨང། ཡིན་ན་ཡང་ང་ཚོར་ཉི་མ་འདི་འདྲ་ཅི་འདྲ་ཞིག་དཀོན་ཨང། དེའི་རྒྱུ་མཚན་ནི་ང་ཚོས་བཀྲ་ཤིས་པའི་ཉི་མ་འདི་གཅིག་པུ་ཕལ་ཆེ་བ་བཀྲ་མི་ཤིས་པའི་ལོ་རབས་དུ་མའི་ནང་དུ་རོལ་དགོས་བྱུང་ལ། ཐ་ན་བཀྲ་ཤིས་པའི་ཉིན་འདིའི་འཛུམ་མདངས་ཨུ་ཚུགས་ཀྱིས་སྟོན་དགོས་པའི་དུས་ཀྱང་སླེབས་ཡོད། སྔོན་ཆད་དང་ད་ལྟར་ཡང
    གྲོགས་པོ་ཚོ། ཁྱེད་ཅག་གི་སྐྱེས་སྐར་ཉིན་ལ་ཁྱེད་རང་གི་འཛུམ་མདངས་དེ་ཁྱེད་རང་གི་སྐྱེས་སྐར་བསུ་བའི་གྲོགས་པོ་སུ་ཞིག་གི་དགའ་འཛུམས་ལས་ཀྱང་ལྷག་ངེས། དེ་ལོས་ཡིན་ཁྱེད་རང་གི་སྐྱེས་སྐར་ཡིན་པས། འོན་ཀྱང་ང་ཚོའི་༧གོང་ས་མཆོག་ནི། རང་གི་འཁྲུངས་སྐར་ཉིན་ལ་ཕྱི་རྒྱལ་བའི་མི་ཆེན་དེ་དག་དང་འདྲ་བར་དགའ་སྤྲོར་རོལ་བ་ཁྱེད་ཚོས་མཐོང་མྱོང་ངམ། ཁོང་གིས་ཁྱེད་རང་ལྟར་རང་ཉིད་ཀྱི་འཁྲུངས་སྐར་ལ་རང་ཉིད་ཀྱི་དགྱེས་འཛུམ་མི་སྟོན་པ་ཅི་ཡིན་ནམ། འོ་ན་ང་ཚོ་ལ་བཀྲ་ཤིས་པའི་ཉི་མ་གཅིག་ཡོད་པ་འདི་ཡང། ཁོང་ལ་དེ་ལྟར་མིན་པ་ཡིན་ནམ། དེ་ཡང་༡༩༥༠ལོ་ནས་བཟུང། ལྷག་པར་མི་ཡུལ་འདིར་སླེབས་པའི་དུས་དེ་ནས་བཟུང། ཁོང་གི་ཞལ་ལས་འཛུམ་མུལ་གྱི་འོད་སྣང་སྤྲོ་ན་ཡང་ཁོང་གི་ཐུགས་ལ་སྐྱོ་གདུང་གི་མུན་པ་ཅི་འདྲ་མཐུག་པ་ས྄ུས་རྟོགས།
    ང་ཚོས་གང་ལྟར་ཡང། ཉིན་འདིར་གཟབ་འཕྱོར་སྤྲོས་ཏེ་གཙུག་ལག་ཁང་འདིར་ངང་གིས་འདུས་ནས། བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱི་ཁ་དར་དཀར་པོ་གྲངས་མེད་ཅིག་དང་ལྷན། བཀྲ་ཤིས་པའི་གླུ་གར་གྱིས་ཁོང་ལ་རྟེན་འབྲེལ་ཞུས་ཤིང། རང་ཉིད་ལ་བསོད་ནམས་ཚོགས་གསོག་བཟང་པོའི་གོ་སྐབས་ཤིག་ཐོབ་སྙམ་པའི་དགའ་སྤྲོ་སྐྱེས།
    ཉིན་འདི་ནི་ཁོང་དང་ང་ཚོའི་ཆེས་དགའ་བ་འཕེལ་བའི་ཉིན་ཞིག་ཡིན་ན་ཆོག་ལ་མིན་ནའང་ཆོག གང་ལྟར་ང་ཚོར་མཁོ་བ་ནི་ཉིན་འདི་རང་ཡིན། དེ་བས་བཀྲ་ཤིས་ཉི་མ་དྲུག་ཅུ་རྩ་བདུན་འདི་མང་པོ་ཞིག་གཏན་ནས་མིན། ང་ཚོ་ལ་ཉི་མ་འདི་ཁྲི་ཁྲི་འབུམ་འབུམ་དགོས། འོན་ཀྱང་དེ་ནི་མི་སྲིད་པ་ཞིག་རེད། ནམ་ཞིག་ལ་ང་ཚོས་༧ཁོང་གི་མྱ་ངན་གྱི་ཉི་མ་ནག་པོ་ཞིག་ངེས་པར་མཐོང་ངེས། ཅིས་ཀྱང་འབྱུང་ངེས། དེ་ལྟར་བསམས་ན་དེ་རིང་གི་ཉི་མ་འདིར་ཡང་ང་ཚོའི་མིག་མཐར་མཆི་མ་འཁྱིལ་ཞིང་ཁ་བཏགས་དཀར་པོའི་ཁ་དོག་རབ་རིབ་ཏུ་འགྱུར། ང་ཚོས་ངེས་པར་འདི་ལྟར་བསམ་དགོས། འདི་ལྟར་བསམ་ན་ང་ཚོའི་དེ་རིང་གི་ཉི་མའི་རིན་ཐང་རྟོགས་ཤིང། ང་ཚོས་སང་ཉིན་གྱི་ཉི་མའི་ལས་སྐལ་ཡང་ཤེས་ཐུབ། ངོ་མ་ང་ཚོར་ཅི་འདྲའི་ལས་སྐལ་མང་པོ་ཞིག་གིས་སྒུག་ཡོད་ཨང། དེ་དག་ལས་གཞིས་བྱེས་མཉམ་འཛོམས་ཀྱི་རང་དབང་དགའ་སྟོན་ཞིག་རོལ་རྒྱུ་དེ་ནི་ང་ཚོའི་རེ་སྒུག་གི་བཀྲ་ཤིས་ཉི་མ་དང་པོ་དེ་ཡིན། དེ་དུས་ནས་ཉི་མ་ཚང་མ་ང་ཚོའི་བཀྲ་ཤིས་པའི་འཁྲུངས་སྐར་དང་འདྲ།
    ང་ཚོས་བཀྲ་མི་ཤིས་པའི་ལོ་ཟླ་ནག་པོ་ཞིག་གི་ཁྲོད་ནས་བཀྲ་ཤིས་པའི་གསེར་མདོག་གི་ཉིན་མོ་ཞིག་འཚོལ་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མིན། ཉི་མ་དེ་ངེས་པར་འཆར་དགོས་ན། ང་ཚོ་ཁོང་གི་གསུང་གི་ཉི་འོད་ལ་བསྟེན་ནས་སྐྱོད་དགོས། ཁོང་གིས་ད་བར་ཡང་དང་བསྐྱར་དུ་ནན་གྱིས་གསུང་གནང་བའི་ཆོས་སྲིད་ཀྱི་བཀའ་སློབ་ལམ་སྟོན་འོད་སྣང་བྱེ་བའི་མཛོད་ཁང་དེ་དག་ངེས་པར་ཀོླག་དགོས། ངེས་པར་བསམ་དགོས། ཅིས་ཀྱང་ལག་ལེན་བྱེད་དགོས། རང་གིས་ཅི་ཤེས་དང་སོ་སོས་གང་ཐུབ་པ་དེ་དག་ང་ཚོའི་ཉིན་རེའི་མི་ཚེའི་ནང་གི་ཟ་མ་ཇི་བཞིན་བཟའ་དགོས། ཆུ་བཞིན་དུ་བཏུང་དགོས། དེ་ནི་ང་ཚོའི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཤིག་དང་རྒྱལ་ཁ་ཞིག་གི་འབྱུང་ཁུངས་ཡིན།
    འོ་ན། ང་ཚོས་དེ་རིང་གི་དགའ་ཚོར་ཅི་ཡོད་དང། སྐྱོ་གདུང་ཅི་ཡོད་ཚང་མ་ང་ཚོའི་སང་ཉིན་གྱི་བཀྲ་ཤིས་ཉི་མ་འདི་བསུ་བའི་སྟོབས་ཤུགས་སུ་བསྒྱུར་དགོས། དམ་ཚིག་ཆིག་སྒྲིལ་གྱི་སྟོབས་ཤུགས་ནི་ང་ཚོའི་རྒྱལ་ཁ་ཡིན་ལ། ང་ཚོས་ལོ་རྗེས་མའི་འཁྲུངས་སྐར་བསུ་བའི་ལེགས་སྐྱེས་ངོ་མ་ཡང་ཡིན། སྟོབས་ཤུགས་འདི་ཁྲི་ལོར་བརྟན་པར་ཤོག །


༢༠༠༢ ༦ ༢༢

 

 

ཁྱོད་ཀྱི་རྐང་རྗེས་ན་བོད་ཡོད།

 

 

ཁྱོད་ཀྱི་རྐང་རྗེས་ན། དབྱངས་གསལ་སོ་བཞི་ཡོད། དེའི་ནང་ན་བོད་ཡོད། བོད་ཀྱི་སྒྲུང་ཡོད། དེ་བས་ཁྱོད་ལ་ཀློག་པ་པོ་མང། འདི་དག་ནི་དེ་རིང་ཁྱོད་ལ་སྐྱེལ་མ་བྱེད་མཁན་ཡིན།

ཁྱོད་ཀྱི་རྐང་རྗེས་ན། གློག་བརྙན་ཡོད། དེའི་ནང་ན་ཡང་བོད་ཡོད། བོད་ཀྱི་སྒྲུང་ཡོད། དེ་བས་ཁྱོད་ལ་དགའ་མཁན་ཡང་མང། འདི་དག་གིས་དེ་རིང་ཁྱོད་ལ་སྐྱེལ་མ་བྱེད་ཀྱིན་འདུག

ཁོད་རང་སྐྱེས་དུས་ནས་བོད་མི་ཕལ་མོ་ཆེ་དང་འདྲ་བར། གཞན་དབང་གི་ཁོར་ཡུག་ནས་འཚར། ན་ཚོད་སྨིན་པ་དང་རང་ཉིད་བཟང་བཙོན་པ་ཞིག་ཡིན་པ་ཚོར་ཡོད། དེ་ནས་བཟུང་ཉིན་རེ་བཞིན་དུ་སྐྲ་ཉག་རེ་རེ་སྐྱ་བོར་གྱུར་ཡོད་ངེས།

ཚད་བཀག་ཅན་གྱི་ཁོར་ཡུག་ཅིག་ནས། ཁྱོད་ཀྱིས་རང་གི་འདོད་པ་ཚིམ་པའི་བརྩམས་སྒྲུང་རིང་པོ་ཞིག་འབྲི་མ་ཐུབ་པ་དང་། བསྟན་ན་འདོད་པའི་འཁྲབ་གཞུང་མང་པོ་ཞིག་འཁྲབ་མ་ཐུབ་པར། སེམས་ངལ་ཆེན་པོ་ཞིག་གིས་སྙིང་ཁམས་ལ་ན་ཟུག་ཀྱང་བཏང་ཡོད་ངེས།

གང་ལྟར། དུས་ལ་མ་རན་གོང་ནས་འདས་སོང་བ་ཡིན་ན་ཡང་། ཁྱོད་ཀྱི་རྐང་རྗེས་དེ་དག་གླེང་ནས། ཁྱོད་ལ་སྐྱེལ་མ་བྱེད་མཁན་མང་བས། བློ་བདེ་བའི་ངང་དག་ཞིང་གང་ཞིག་གི་ལམ་སྣེ་ཟིན་པར་ཤོག།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php