ང་ནི་ནམ་ཡང་ང་རང་ཡིན།

 

ཀ༽

 

ང་ནི་བཙན་བྱོལ་བ་ཞིག་ཡིན། ངའི་རྒྱལ་ཁབ་གཞན་གྱིས་འཕྲོགས་རྗེས། ངའི་མི་རིགས་དང་སྐད་ཡིག་སོགས་ལ་མི་རིགས་གཞན་ཞིག་གི་བཙན་གནོན་ཐེབས་དུས་སུ། ངས་བསམ་ཤེས་ནས་ང་རང་བཙན་གནོན་འོག་གི་ཚེ་གཡོག་ཅིག་བྱེད་མ་འདོད་པར། ངས་སེམས་ཐག་བཅད་དེ་སྐྱབས་བཅོལ་ལ་ཡོང་བ་ཡིན། དེ་བས། ངས་བཙན་བྱོལ་གཞུང་དམངས་ཀྱི་བདེ་སྡུག་ལ་རྒྱུས་ལོན་དང་རང་གི་འོས་འགན་རེ་ཁུར་དང་འཁུར་བཞིན་ཡོད། ས་ཆ་གང་དུ་སོང་ཡང་། རང་ཉིད་ལ། ཁྱོད་བཙན་བྱོལ་བ་ཞིག་ཡིན་པ་མ་བརྗེད་ཨ་ཞེས་དྲན་སྐུལ་བྱེད་ཀྱིན་ཡོད། དྲན་སྐུལ་འདིས་ངའི་མི་ཚེ་སྐྱེལ་སྟངས་ཐད་ཕན་ཐོགས་ཡོང་གི་འདུག ངས་མུ་མཐུད་དུ་བཙན་བྱོལ་བ་ཞིག་གི་བདེ་སྡུག་མྱོང་ཞོར་བཙན་འཛུལ་འོག་ལ་ཡོད་པའི་མི་རིགས་ཤིག་གི་བདེ་སྡུག་དྲན་པར་ཕན། 

ང་ནི་དགེ་རྒན་ཞིག་ཡིན། ངས་བོད་ཕྱི་ནང་གཉིས་སུ་བྱིས་པ་ཚོར་ཀ་ཁ་བསླབས་མྱོང་ལ། མཐོ་འབྲིང་དང་མཐོ་སློབ་ཁག་ཏུ་བོད་ཀྱི་རྩོམ་རིག་བསླབས་མྱོང་། དེ་བས། ངས་རང་ཉིད་ལ་ཁྱོད་ཀྱིས་དགེ་རྒན་དང་སློབ་མ་ཞེས་པའི་ཐ་སྙད་འདི་གཉིས་མ་བརྗེད་ཨ་ཞེས་དྲན་སྐུལ་གཏོང་གིན་ཡོད། འདིས་ཀྱང་ང་ལ་ཤིན་ཏུ་ཕན། སྐབས་རེར་ང་རང་སློབ་མ་ཞིག་ཡིན་བསམ་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། མཚམས་རེར་ང་ནི་དགེ་རྒན་ཞིག་ཡིན་སྙམ་ནས་སློབ་མ་འཚོལ་གྱིན་ཡོད། དེང་སང་ང་ནི་དྲྭ་ལམ་གྱི་དྭང་བླང་དགེ་རྒན་ཞིག་ཀྱང་ཡིན། ངས་རང་ཉིད་ཡར་རྒྱས་གཏོང་ཐུབ་ཅིང་གཞན་ལ་ཡང་རོགས་ཕན་གང་འོས་རེ་ཐུབ་ཀྱིན་འདུག

ང་ནི་རྩོམ་པ་པོ་ཞིག་ཡིན། ང་ཆུང་དུས་ནས་རྩོམ་ཡིག་འབྲི་ཀློག་ལ་དགའ། ངས་སྙན་དངགས་བྲིས་ཤིང་སྒྲུང་རྩོམ་བྲིས། ངས་ལྷུག་རྩོམ་དང་དཔྱད་རྩོམ་སོགས་མི་ཉུང་བ་ཞིག་བྲིས་ཡོད། ང་ལ་རྩོམ་དེབ་ཆེ་ཆུང་བརྒྱད་ཡོད། དེ་བས། ངས་རང་ཉིད་ལ་ཁྱོད་རྩོམ་པ་པོ་ཞིག་ཀྱང་མ་ཡིན་ནམ། ཞེས་དྲན་སྐུལ་བྱེད་ཀྱིན་ཡོད་པས། ངས་ད་བར་དུ་སྙུག་རྩེའི་རི་མོ་འཁྱུག་མཚམས་ཆད་མ་མྱོང། 

ང་ནི་ནམ་ཡང་ང་རང་ཡིན།

ཁ༽ 

ཁ་སང་དེ་རིང་ང་ནི་དྭང་བླངས་རྒྱབ་སྐྱོར་བ་ཞིག་ཡིན། ངས་ད་བར་དུ་རང་མོས་རང་དབང་ཐོག་ནས་མི་སྒེར་བ་གང་མང་ཞིག་ལ་རྒྱབ་སྐྱོར་བྱས་མྱོང་། ཚུར་རེ་བ་བྱས་པ་ལྟར་རྒྱབ་སྐྱོར་བྱས་པ་ཡོད་ལ་ཕར་རེ་སྐུལ་གྱིས་རྒྱབ་སྐྱོར་བྱས་པ་ཡང་མང་། དེ་དག་ལ་ཕན་ཐོགས་གང་འཚམ་རེ་བྱུང་མེད་ན་ཡང་གནོད་པ་གཏན་ནས་བྱུང་མེད། དེ་བས། ངས་རང་ཉིད་ནི་དྭང་བླངས་རྒྱབ་སྐྱོར་བ་ཞིག་ཡིན་པ་ཡང་ཚོར་གྱིན་འདུག ངས་མུ་མཐུད་དུ་ཐུབ་ཚོད་ཀྱིས་རྒྱབ་སྐྱོར་བྱེད་དགོས། བློ་གཟུ་བོར་གནས་ཏེ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་དགོས། ཕན་ཐོགས་ས་ཞིག་ལ་རྒྱབ་སྐྱོར་བྱེད་དགོས། 

ད་ལྟ་ངས་སྲིད་སྐྱོང་གི་འོས་གཞི་ཞིག་ལ་མ་བསྐུལ་དྭང་བླང་སྒོས་རྒྱབ་སྐྱོར་ཞུ་བཞིན་ཡོད། ངས་རང་གིས་གདམ་གསེས་ཀྱི་རྒྱབ་སྐྱོར་འདི་གཏན་ནས་ནོར་མེད། བོད་སྤྱི་ཚོགས་འདིར་ཕན་ངེས་སྙམ་ཡོད། ད་ལྟ་ཉིན་རེ་བཞིན་དུ་ངས་ང་རང་གི་གདམ་གསེས་འདི་ལ་གདེང་ཚོད་ཇེ་ཆེ་དང་སྤོབས་པ་ཇེ་ཆེར་འགྲོ་གི་འདུག དེའི་རྒྱུ་མཚན་ནི་ངས་རྒྱབ་སྐྱོར་ཞུ་ཡུལ་ཁོང་ལ་ཁོང་དང་ལྷན་དུ་ལོ་མང་རིང་བྱ་བ་བསྒྲུབས་པའི་ཉམས་མྱོང་ཅན་མཐོ་དམན་གཉི་ག་དང་རང་གི་མཐོང་ཐོས་མྱོང་གསུམ་བརྒྱུད་དེ་ཁོང་ཉིད་ངོ་ཤེས་མཁན་བོད་ཕྱི་ནང་གཉིས་ཀྱི་མི། བློ་གཟུ་བོར་གནས་མཁན་གྱི་ཤེས་ཡོན་པ་གང་མང་ཞིག་གིས་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ཚུལ་ཧ་ཅང་དྲང་བདེན་དང་གནད་ལ་འཁེལ་བ་ཞིག་ཏུ་མཐོང་བས་སོ།།

ངས་རྒྱབ་སྐྱོར་ཞུ་ས་ནི་སྲིད་སྐྱོང་གི་འོས་གཞི་ཞིག་ཡིན། ང་ལ་མཚོན་ན་འདི་ནི་ཐོག་མ་མིན། ལོ་བཅུའི་སྔོན་ལ་ངས་བཀའ་ཁྲིའི་འོས་གཞི་སྐུ་ཞབས་བཀྲ་ཤིས་དབང་འདུས་ལགས་ལ་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་ཞུས་ཡོད། 

རེད་ཡ། ང་ཚོས་སོ་སོའི་རྒྱུག་རྟ་དག་ཁྲིད་དེ་རྟ་རྒྱུགས་ཐང་ཆེན་ལ་སོང་བ་ཡིན། དེ་དུས་ང་ལ་མཐེ་བོང་སྟོན་མཁན་དང་ཨ་ངན་༼མཛུབ་ཆུང་༽སྟོན་མཁན་ཅང་མ་མཐོང་། ང་དང་ངའི་རྒྱུག་རྟ་གཉིས་བཏང་སྙོམས་ལ་བཞག་པ་དེས་ང་ཧ་ཅང་བདེ་བོ་བྱུང་། རྟ་རྒྱུགས་འགྲན་སྡུར་དེར་ངས་སེམས་ལྷོད་ལ་བབས་ཏེ་བལྟས་པ་ཡིན། ཧ་ཧ་ཧ་་་་་

ཡིན་ན་ཡང་། སྐབས་དེར་ངའི་རྟ་རྒན་རྗེས་ལ་ལུས་སོང་། ཨམ་སྐད་ལྟར་ན་རྟི་ལིའི་གོང་ཐག་རེད། རྟ་སར་ཐོར་བུ་ཞིག་མི་ཚོགས་ཀྱི་ཀི་སྒྲ་འུར་འུར་དང་བཅས་ཏེ་སྔུན་ལ་ཤོར་སོང་། ང་ང་རང་ས་ནས་དབུགས་རིང་ནར་མོ་ཞིག་འཐེན་ནས་བསྡད་པ་ཡིན།

ལོ་ལྔའི་རྗེས་ནས་ཡང་བསྐྱར་དེ་སྔོན་གྱི་ཐོར་བུ་དེ་དང་རྒྱུག་རྟ་གསར་བ་ང་ཡིན་ཟེར་མཁན་གཉིས་ལ་ལྟད་མོ་བ་མང་པོས་རྒྱན་བཞག་ནས་འགྲན་སྡུར་བྱས་བྱུང། ལོ་དེར་ང་ལ་རྒྱུག་རྟ་མེད། ངས་མགོ་རུམ་ལ་བཅུག་ནས་ལྟད་མོ་ལྟ་རུ་ཡང་མ་སོང་། 

གོང་གི་རྟ་རྒྱུགས་ཀྱི་དཔེ་འཇོག་འདི་ཁྱོད་ཚོས་གསལ་བོ་ཤེས་ངེས། མ་ཤེས་ཀྱང་མི་སྐྱོན། གང་ལྟར་ང་ལ་ང་རང་གིས་བཙལ་བའི་རྒྱུག་རྟ་ཞིག་མ་བརྙེད་ན་ངས་མི་གཞན་གྱི་རྒྱུག་རྟ་ལ་རྒྱན་མི་འཛུགས་ཟེར་བ་དེ་ཡིན།

ང་ནི་ནམ་ཡང་ང་རང་ཡིན།

ག༽

ཁྱོད་ཚོ་ངས་གོང་དུ་བཤད་པ་རྣམས་ལ་ཡིད་ཆེས་ན། ཡང་ན་བདེན་ལུགས་ཅུང་འདུག་སྙམ་ན། རང་རང་ས་ནས་དེ་སྔོན་ལྟར་རྒྱུག་རྟ་ཁྲིད་ནས་རྟ་རྒྱུགས་ཐང་ཆེན་ལ་ཤོག གཅིག་གཅིག་ལ་འཁང་ར་དང་སྡང་སྡིགས་བསྟན་ནས་ཅི་བྱེད། འདི་ནི་དམངས་གཙོ་ཚད་མཐོའི་རྟ་རྒྱུགས་ཐང་ཆེན་ཞིག་རེད་ཡ། 

ངས་ཁྱོད་ཀྱི་རྒྱུག་རྟ་དང་རྟ་བདག་ལ་ངན་ཅི་ཡང་བཤད་ཀྱི་མེད། འོན་ཀྱང་ཁྱོད་ཀྱིས་ངའི་རྒྱུག་རྟ་དང་རྟ་བདག་ང་ལ་རྣམ་འགྱུར་སྟོན་སྟངས་མི་བཟང་གི་ཡ 

འདི་ནི་བོད་ཆོལ་ཁ་གསུམ་གྱི་གསེར་ཁྲི་སུས་ནོན་གྱི་རྟ་རྒྱུགས་འགྲན་སྡུར་ཆེན་མོ་ཞིག་ཡིན་པས། ཆོལ་ཁོངས་ལ་ཁྱད་མེད་ལ་རྟ་བདག་ལ་དེ་བས་ཀྱང་ཁྱད་མེད། གླིང་གི་འགོག་མོའི་ཇོ་རུ་ལྟ་བུ་ཞིག་བྱུང་ན་ཡང་དེ་ལ་ཕྲག་དོག་དང་མ་དགའ་བ་བྱས་པས་ཕན་ཐོགས་ཅི། ད་དུང་དེ་ནི་གླིང་སྤྱི་བའི་གཟི་བརྗིད་ཀྱི་རྒྱལ་ཁ་ཞིག་ཡིན་པ་ཤེས་དགོས་ཡ་་ ་་་

ང་ནི་ནམ་ཡང་ང་རང་ཡིན།

ང༽ 

ལྷག་བསམ་གངས་ཀྱི་རི་ལ་གནས་བཅས་པའི།།

བློ་སྤོབས་རྭ་རྩེ་གདེངས་པའི་འབྲོང་ཆུངགང་།།

མང་བཀུར་སྲིད་སྐྱོང་ཁྲི་ལ་ལེགས་བསུས་ཏེ།།

ལུགས་གཉིས་མཛད་འཕྲིན་དངོས་གྲུབ་ཀུན་འབྱུང་ཤོག།

 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php