དུང་འབུད་མཁན།

          ཁོང་གིས་ཁོ་རང་གི་ནམ་དུས་ཀྱི་ཚད་གཞི་ཞིག་གི་ངོས་ནས་ཡར་ལངས་ཏེ་རང་ཉིད་ལ་ཞོགས་དུང་ཞེས་པའི་མིང་ཞིག་བཏགས་ཤིང། དེ་ནས་བཟུང་ཞོགས་པ་རེ་རེ་ནས་དུང་བུས་ཏེ་བོད་མི་མང་པོ་ཞིག་ལ་འདྲོགས་བསླངས།

          ཏག་ཏག་དུང་འབུད་ཀྱིན་པའི་ཉིན་གུང་ཞིག་ལ། ཁོང་གི་བསམ་ཡུལ་ལས་འདས་པའི་ཞི་བའི་རུ་དཔུང་རྔམ་བརྗིད་ཅན་ཞིག་གིས་རྔ་རྡུང་བཞིན་སྐྱོད་པ་མཐོང་བྱུང། ཁོ་རང་ཡིད་ཆེས་དཀའ་བའི་རྔ་སྒྲ་དེར་ཉན་བཞིན་ཉན་བཞིན། བསམ་བཞིན་བསམ་བཞིན་དུ། དགའ་ཚོར་དང་སྐྱོ་སྣང། འཇིགས་སྣང་དང་བཅས་པའི་ཚོར་བ་ཞིག་གིས་སྦྲིད་པར་གྱུར་ཏེ། མུ་མཐུད་དེ་ཤུགས་ཀྱིས་དུང་འབུད་ཀྱིན་རུ་དཔུང་དེའི་རྗེས་སུ་སྙེགས།

          ཁོང་གིས། རུ་དཔུང་དེ་ལས། གསར་བརྗེ་ཞིག་གི་དོན་སྙིང་དང་། ཤུགས་རྐྱེན། དམིགས་ཡུལ། བདེན་མཐའ་གསལ་རྟགས་བཅས་མཐོང་བའི་མོད་ལ་དུང་སྐད་དང་རྔ་སྒྲ་ལྷན་དུ་འདྲེས་པའི་ཚོར་སྣང་ཞིག་གིས་ཁོང་ཉིད་ལྷག་པར་སྤྲོ་བས་ཁེངས། མདུན་ཕྱོགས་ན་སྒེར་གཅོད་དཔུང་དམག་གིས་ལྕགས་སྒྲོག་དང་མེ་མདའ་བསྟར་དུ་ངོམ་པར་ཡང་ཅི་མི་སྙམ་པར་དུང་བུས། གནམ་ས་གོ་འབྱེད་པའི་དུང་བུས།

          སྐབས་འདིར་ཀུན་གྱི་བསམ་ཡུལ་ལས་འདས་པ་གཞན་ཞིག་ལ། ཡུལ་ཤུལ་གྱི་སྐྱེ་རྒུ་དུ་མ་ཞིག་དོང་ནང་དུ་ཟགས། མང་པོ་ཞིག་འུ་ཐུག་ནས་གནམ་ས་གཉིས་ལ་ལེ་ལན་བདའ་དུས། ཁོང་གིས་དོང་ཆེན་ཕྱི་ནང་གི་རྣམ་ཤེས་མང་པོའི་ཆེད་དུ། སླར་ཡང་སྒེར་གཅོད་པར་ཡིད་རྟོན་མི་རུང་བའི་དུང་ཞིག་བུས།

          དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་དུང་སྐད་དེ་ཧི་མ་ལ་ཡིའི་ཕར་ཚུར་ཀུན་ལ་ཁྱབ། འོན་ཀྱང་དུང་འབུད་མཁན་དོང་གཞན་ཞིག་གི་ནང་ལ་བཅུག་སོང། སྙུག་ཐོགས་པ་མི་ཉུང་བ་ཞིག་གིས་སླར་ཡང་ལེ་ལན་བདའ་འགོ་ཚུགས། དོན་ངོ་མར་ང་ཚོས་སུ་ལ་ལེ་ལན་བདའ་འམ། ལེ་ལན་བདས་པས་དོང་ནང་གི་ཁོང་ཚོ་སྐྱོབ་ཐུབ་བམ།

          མ་གཞི་ནས། བོད་མི་ཚང་མ་དོང་ཆེན་ཞིག་གི་ནང་ལ་ལྷུང་ཡོད་པ་མིན་ནམ། དུང་འབུད་མཁན་ཁོང་ཡང་དོང་ནང་གི་ང་ཚོའི་ཆེད་དུ་དུང་བུས་ནས་སླར་ཡང་དོང་ཟབས་ཤིག་ལ་ལྷུང་བ་མིན་ནམ། དེས་ན། ང་ཚོས་སུས་སུ་སྐྱོབ་བམ།

          ང་ཚོས་རང་ཉིད་སྐྱོབ་མི་ཐུབ་ཀྱང། ང་ཚོ་ལ་སྐྱོབ་མཁན་གཞན་ཞིག་མེད་ནའང། ང་ཚོས་གཅིག་སེམས་གཅིག་ལ་སྦྲེལ་ནས། ང་ཚོས་འཆི་ཕོད་པའི་སྙིང་སྟོབས་ཤིག་དང། ང་ཚོས་གསོན་ཐུབ་པའི་རེ་བ་ཞིག་གིས། ང་ཚོས་ང་ཚོ་ལ་སེམས་གསོ་དང། ང་ཚོས་ང་ཚོ་ལ་ཡིད་ཆེས་ཀྱིས། ང་ཚོར་སྐྱིད་སྡུག་མཉམ་གནས་ཀྱི་འདུ་ཤེས་གཡོ་མེད་ཅིག་ཡོད་ན། ནམ་ཞིག་དོང་ལས་ཐར་བའི་སྐལ་བ་ལྡན་ངེས།

          ཁོང་གིས་དེ་ལྟར་དུང་བུས་ནས་ཆས་སོང། དགའ་སྤྲོའི་ངང། སྤོབས་པའི་ངང། རེ་བའི་ངང། རྒྱལ་ཁའི་ངང། གཟི་བརྗིད་ངང། ཆས་སོང། དེ་བས། ང་ཚོ་དགའ་ན་འོས། ང་ཚོ་ངར་ན་འོས།

          ཞོགས་དུང། ཁྱོད་ཀྱིས་ཞོགས་པའམ་ཉིན་གུང། ས་སྲོད་གང་ཞིག་ལ་དུང་བུས་མིན་ལ་ཁྱད་པར་མེད། གང་ལྟར་ཁྱོད་རང་དོང་ནང་གི་མི་རིགས་འདིའི་ཆེད་དུ་དཔའ་ངར་ཞུམ་མེད་ཀྱི་དུང་འབུད་མཁན་ཞིག་ཡིན་པ་ཚང་མས་ཚོར་ཡོད་ངེས་ལ། ཁྱེད་ལ་སྔར་ལྷག་གི་གདེང་འཇོག་དང། ཅི་ཐུབ་ཀྱི་བསྡོངས་གྲོགས་ཀྱང་བྱེད་ངེས།

          འོན་ཀྱང། རྔ་སྒྲ་དང་དུང་སྒྲ་ལ་འཇིགས་པའི་ཏང་ལགས། ཁོང་གིས་ཏཱ་ལའི་བླ་མའི་དུང་བུས་མེད། ཁོང་གིས་ཡུལ་གྱུར་སྲིད་གཞུང་གི་དུང་བུས་མེད། ཁོང་གིས་བོད་རང་བཙན་གྱི་དུང་བུས་མེད། ཁོང་གིས་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་རྔ་སྒྲ་ལ་ཉན་སྟངས་གཞན་ཞིག་གིས་སླར་ཡང་དུང་ཞིག་བུས་པ་དེས། ཁོང་གིས་ཏང་ཡོན་རུལ་སུངས་པ་དུ་མ་ཞིག་ལ་ཡིད་ཆེས་བྲལ་བའི་དུང་ཞིག་བུས་པ་དེས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་དུང་འབུད་མཁན་ཞེས་དོང་དུ་འཇུག་མི་འོས། དེ་ལས་ཁོང་གིས་ཏང་ལ་ནོར་འཁྲུལ་ཡོ་བསྲང་གི་གསལ་འདེབས་ཀྱི་དུང་ཞིག་བུས་པར་ངོས་བཟུང་ན་ཆེས་འོས།

    ཏང་ལགས། དུང་སྒྲ་ལ་ཉན་ནས། དོང་ནང་གི་ང་ཚོ་སྐྱོབ་རོགས།

༢༠༡༠།༤།༣༠།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php