རང་བྱུང་ཁམས་ལ་བཟོད་གསོལ་ཞུ་བ། 

 

སའི་གོ་ལའི་ཉིན་མོ་ལ་ཕུལ་བ།

ཀ༽

          རང་བྱུང་གི་ཁོར་ཡུག རི་དྭགས་ཀྱི་ཉལ་ས། གཅན་གཟན་གྱི་འདུར་ས། འདབ་ཆགས་ཀྱི་འཕུར་ས། ཉ་ཚོགས་ཀྱི་རྐྱལ་ས། མིའི་རིགས་ཀྱི་འཐབ་ས། ཡོད་ཚད་འཚོ་ས་ཁྱོད་ཡིན་ལ། ཐམས་ཅད་འཆི་ས་ཡང་ཁྱོད་ཡིན།

ཁ༽

          རྐང་གཉིས་མི་ཡི་ཧམ་སེམས་ཀྱིས། འཇམ་རླུང་དྭངས་མོར་དུག་རླངས་བསྲེས། གཙང་ཆབ་སྔོན་མོ་རྫས་ཀྱིས་བརྙོགས། སྔོ་བསངས་ནམ་མཁའ་དུ་བས་བསླད། མ་ཡུམ་ས་གཞིར་རྡོག་བརྫིས་བཏང། རང་བྱུང་ཁམས་ལ་ན་ཚ་ཕོག

ག༽

          ས་ཆེན་འཇིགས་པའི་འདར་སིག་རེ་རེས། སེམས་ཅན་ཁྲི་སྟོང་ཚེ་སྲོག་འགགས། སྤྲིན་དཀར་གཟེར་ནས་སྐྱུགས་ཐེངས་གཅིག་གིས་ལུང་ཁུག་ཆེན་པོ་ཆུ་ཡིས་བཀྲུས། ཉི་མ་ཚ་བ་འབར་ཐེངས་གཅིག་གིས་རི་ལུང་ཆེན་པོ་ཐན་པས་བསྲེགས། ནམ་མཁའི་སྙིང་རླུང་སྟོད་ལ་འཚངས་ཏེ་ཡོད་ཚད་རླུང་ལ་སྐུར་རྩིས་བྱས།

ག༽

          འགའ་རེས་གནས་འགའ་རེར་ཆུ་ལོག་རྒྱུགས་པར་ལྟད་མོ་བལྟས། ལ་ལས་ཕྱོགས་འགར་ཐན་པས་གདུངས་ཀྱང་མི་ཚོར་ལ། ལ་ལ་ཡུལ་འགར་ས་ཡོམ་བརྒྱབ་པར་དགའ་ཡང་མྱོང། ལ་ལས་ད་དུང་དམག་འཁྲུག་སློང་དགོས་ཀྱང་ཟེར། འདི་ལྟར་ཆགས་སྡང་གི་མིག་དབང་ཆེ་ཆུང་འདིས། མང་པོ་ཞིག་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཆུང། མིའི་རིགས་གཅིག་གྱུར་གྱི་བརྩེ་སེམས་ཞན། ང་ཚོའི་སྙིང་རྗེ་དང་ང་ཚོའི་གདུང་སེམས། ང་ཚོའི་བྱམས་བརྩེ་འདི་དག་ནི་ཅི་འདྲའི་ཉམ་ཐག་དང་ཅི་འདྲའི་ཉི་ཚེ་བ་ཞིག་རེད་ཨང།

ང༽

          ཉམ་ཆུང་རི་དྭགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་རྩྭ་ས་རློག་མཁན་ང་ཚོ་ཡིན། གཏུམ་དྲག་གཅན་གཟན་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ཟས་སྐལ་འཕྲོག་མཁན་ང་ཚོ་ཡིན། གསེར་མིག་ཉ་མོའི་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་གཙང་ཆབ་རྙོག་མཁན་ང་ཚོ་ཡིན། རང་དབང་འདབ་ཆགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ནམ་མཁའ་བསླད་མཁན་ང་ཚོ་ཡིན།

ཅ༽

          གནམ་གྱི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་པ་ཕ་ལྟར་བཀུར་ན་བརྩེ་སྐྱོང་མཛོད། ས་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་མ་ལྟར་བཀུར་ན་བྱམས་སྐྱོང་མཛོད། ཆུ་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་བདུད་རྩིར་མཆོད་ན་སྐོམ་གདུང་སེལ། རླུང་གི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་རླུང་རྟས་བསུས་ན་མྱུར་སྐྱོབ་མཛོད། ཀྱེ་ཀྱེ། རང་བྱུང་ཁམས་ལ་བཟོད་གསོལ་ཞུ། འབྱུང་བ་སྙོམ་པར་གནས་པའི་སྐྱབས་འཇུག་ཞུའོ།

༢༠༡༠།༤།༢༢

 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php