༄།གསེར་རི་འཕུར་ཤུལ་ན།


ཨོཾ

གསེར་རི། མཐོ་ཞིང་མི་གཡོ་བའི་རིན་ཆེན་གཏེར་བདག་གི་ལྷུན་པོ། སྲོད་ཀྱི་མཚམས་སྤྲིན་གྱིས་བཏུམ་པའི་ཉི་རྒས་ཀྱི་རྗེས་སུ་འབྲངས་ཏེ། འཇིག་རྟེན་འདིར་འཛུམ་འོད་བཞག་ནས་གང་དུ་ཆས། གནས་འདིར་གངས་རི་དཀར་པོའི་མུ་ཏིག་ཕྲེང་དུ་བསྟར་ན་ཡང༌། གསེར་གྱི་ལྷུན་པོས་སྟོངས་ན་ཇི་ལྟར་མཛེས། 

གསེར་རི་འཕུར་ཤུལ་ན། གསེར་བྱ་སྟོང་གི་སྐད་ངག་སྡུག་གིས་འགགས་ཤིང་གཤོག་སྒྲོ་རླུང་གིས་ཟད།
ཨཱ

གསེར་རི། ཁྱེད་ལས་བཞུར་བའི་ལམ་གཙོའི་སྔ་འགྲེལ་གྱི་རྫ་ཆབ་བསིལ་མའི་ཤག་སྒྲ་དྲན་དུས། བདག་གིས་རི་ལུང་བརྒྱུད་པའི་སྐོམ་པ་སེལ་ཞིང༌། ཁྱེད་ཀྱིས་བསྒྲགས་པའི་མི་འཇིགས་སེང་གེའི་ང་རོ་ཡི་གད་རྒྱངས་དྲན་དུས། བདག་གི་མཚན་ལམ་འགྲིམས་པའི་སྐྲག་སྣང་ཡལ། 

གསེར་རི་འཕུར་ཤུལ་ནས། བདག་གིས་འདི་ལྟར་རྒྱང་བཞུད་དང་ལྷན་དུ་རྒྱང་ལྟ་རེ་བྱེད་དུས། རྒྱང་ཐག་རིང་བའི་ཁྱེད་ཉིད་སླར་ཡང་བདག་གི་མིག་མདུན་ན་སེར་ལམ་མེ། འོད་ལྷག་གེ འདི་ནི་གསེར་རི་དྲན་ཚུལ་ཞིག་གམ་གསེར་བྱའི་དུངས་ཚུལ་ཞིག

ཧྰུཾ

གསེར་རི། ཐལ་རྡུལ་གྱིས་བཏུམ་མྱོང་མེད་ལ། གཅན་གཟན་གྱིས་གནས་མལ་བཅས་མྱོང་མེད། དུས་བཞིར་ཁ་དོག་འགྱུར་མེད་ངང་ནམ་ཟླ་རྩུབ་མོ་དྲོད་ཀྱིས་བསྐྱངས། 

གསེར་རི། བཅུ་ཕྲག་ནོར་བུའི་གཏེར་ཏུ་གྲུབ་པའི་ལྷུན་པོ་ཀྱེ། ཉི་མ་བཞིན་སླར་ཡང་འཆར་བར་སྨོན། འདི་ནི་གསེར་རི་འཕུར་ཤུལ་གྱི་རེ་འབོད་ཁྲི་སྟོང་ཡིན། སྨོན་ལམ་རྣམ་དག་ཡིན། །

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php