ཧི་མ་ལ་ཡི་དབུ་འཕང་མཐོ་བར་ཤོག

 

 

 

 

  འདི་ནས་རྒྱང་རིང་གི་ཤར་ཕྱོགས་གནམ་མཐའ་ཞིག་ན། གནམ་འདེགས་ཀྱི་ཀ་བ་ཆེན་པོ་ཞིག་ཡོད། དེའི་མིང་ལ་གངས་མཐོན་མཐིང་རྒྱལ་མོ་ཟེར། དེའི་རི་རྒྱུད་ནི་གངས་ཅན་བོད་ཀྱི་ནུབ་མཐའི་ལྕགས་རི་སྟེ། བོད་སྲིད་པ་ཆགས་པའི་གངས་རི། འཛམ་གླིང་རི་ཡི་རྒྱལ་པོ་ཧི་མ་ལ་ཡ་རེད། 

   དེ་ནི་ལྷ་དང་ཀླུ་ཡི་བསྟི་གནས་ཡིན་ལ། དེ་ནི་མི་རིགས་དུ་མ་དང་རིག་གནས་སྣ་ཚོགས་ཤིག་གི་གར་སྟེགས་མཐོན་པོ་ཞིག་ཡིན། ཞི་བདེའི་བླ་རི་ཡིན། དེ་བས། ཁྱེད་ཀྱི་དབུ་འཕང་ཇི་སྲིད་དུ་མཐོ་བར་སྨོན།

 

  ཧི་མ་ལ་ཡ་ལགས། ཁྱེད་ནི་གནའ་སྔ་མོ་ཞིག་ལ་མཐའ་ཡས་པའི་མཚོ་མོ་ཞིག་ཡིན། དེང་སང་ད་དུང་ཡང་འཛམ་གླིང་ཆུ་ཡི་འགོ་ཁུངས་ཡིན་པས། ཀླུ་ཡི་རྒྱལ་པོ་ཟེར་བའང་ཁྱེད་ཡིན་ལ། བདུད་རྩིའི་གཏེར་མཛོད་ཟེར་བ་ཡང་ཁྱེད་ཉིད་ཉིད་མ་ཡིན་ནམ། 

  དེ་བས། ཁྱེད་ནི་འཛམ་གླིང་སྣོད་བཅུད་གཉིས་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན། ནམ་ཡང་གངས་དཀར་པོའི་དབུ་རྒྱན་བཞེས་ཏེ། གངས་ཆབ་བསིལ་མའི་དངོས་གྲུབ་གནང་བར་མཛོད་ཅིག

 

  ཀྱེ་ཀྱེ་ཧི་མ་ལ་ཡ། ང་ཚོ་ཚང་མ་ཁྱེད་ཀྱི་འདབས་རོལ་ནས་ནར་སོན་ཅིང་ཡུལ་གྱར་བའི་སྤུན་ཟླ་མི་རིགས་ཡིན། གངས་རིའི་གཅེས་ཕྲུག་ཡིན། ང་ཚོ་ལོ་རྒྱུས་ཀྱི་ལྷ་སྒྲུང་གཅིག་ལས་མཆེད། ཆོས་ལུགས་ཀྱི་དད་མོས་གཅིག་ལ་ཐིམ། རིག་གནས་ཀྱི་སྲོག་ཤིང་གཅིག་གིས་སྦྲེལ་བའི་ཧི་མ་ལ་ཡའི་མི་ཡིན། ང་ཚོ་ནི་མི་ཡི་བྱམས་བརྩེའི་བདག་པོ་ཡང་ཡིན། 

   དེ་བས། ངས་དེ་རིང། འུ་ཚོའི་མཛའ་བརྩེ་ཧི་མ་ལ་ཡའི་རི་རྒྱུད་ལས་བརྟན་ཅིང་ཇོ་མོ་གླང་མའི་དབུ་རྩེ་ལས་མཐོ་བ། གངས་ཀླུང་རིང་མོའི་བཞུར་རྒྱུན་ལས་རིང་བའི་སྨོན་འདུན་ཞུ།

 

རི་བོ་ཧི་མ་ལ་ཡ། རྒྱལ་མཚམས་ཤིག་གི་ལྕགས་རི་ཡིན། སུས་ཀྱང་གཏོར་མི་ཐུབ།

རི་བོ་ཧི་མ་ལ་ཡ། མི་རིགས་དང་རིག་གནས་དུ་མའི་ལ་རྒྱའི་རྒྱལ་མཚན་ཡིན། ནམ་ཡང་མཐོ་རུ་སྒྲེང།

རི་བོ་ཧི་མ་ལ་ཡ། ས་ཡི་གོ་ལའི་སྤྱི་གཙུག་ཡིན། འཛམ་གླིང་བླ་མའི་བཞུགས་ཁྲི་ཡིན། བསྐལ་པའི་བར་དུ་གཡོ་བ་མེད་པར་ཤོག ཤོག ཤོག

 

 

༢༠༡༧་ལོའི་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་སྐབས་སུ་སྒྲོག་འདོན་བྱས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php