ལམ་དཀར་ནག

 

 

ཀ༽ 

མི་ཡུལ་འདི་མ་གཞི་ནས་མཛེས་སྡུག་ལྡན་ཞིང་། ཕུན་སུམ་ཚོགས་པའི་རང་བྱུང་ལྷུན་གྲུབ་ཀྱི་ཞིང་ཁམས་ཤིག་ཡིན། མི་ཡུལ་འདིར་ཐོག་མ་ནས་སྐྱེ་དངོས་རིམ་གྱིས་སྐྱེས་ཤིང་། སྐྱེ་དགུ་རིམ་བཞིན་གནས་པའི་རྫོགས་ལྡན་་གྱི་ཞིང་ཁམས་ཤིག་གྲུབ། མི་ཡུལ་ན་འགྲོ་ཤེས་ན་བདེ་ལམ་དཀར་པོ་ཞིག་དག་ཞིང་དུ་བསྙེགས་ཡོད་ལ། མི་ཡུལ་ན་འགྲོ་ཉེས་ན་སྡུག་ལམ་ནག་པོ་ཞིག་དམྱལ་བར་བསྲིངས་ཡོད། མི་ཡུལ་ནི་འཚོ་གནས་ཀྱི་འཁོར་ལོ་ངང་གིས་འཁོར་ཅིང་། རྒྱུ་འབྲས་ཀྱི་ཆོས་ཉིད་བསླུ་བ་མེད་པའི་འཇིག་རྟེན་ཞིག་་ཡིན།

ཁ༽

མི་ཡུལ་ལ་ཐོག་མ་ནས་མི་ཡུལ་མི་ཟེར། དེ་ནི་སྐྱེ་དགུ་ཡོད་དོ་ཅོག་གི་འཚོ་གནས་ཡིན། འགྲོ་བ་མི་ཟེར་བ་ཞིག་བྱུང་བ་ནས། གཞི་ནས་ས་གཞི་ཧྲིལ་བོར་འཇིག་རྟེན་མི་ཡུལ་ཞེས་བཏགས། ཡོད་ཚད་མིས་དབང་བསྒྱུར་ཅིང་མི་ལ་དབང་བར་ཐག་བཅད། དེ་ནས་བཟུང་སྡུག་ལམ་ནག་པོར་ལྷུང་མཁན་གྲངས་མེད་ལ། བདེ་ལམ་དཀར་པོར་སྙེག་མཁན་ཤིན་ཏུ་དཀོན།

ག༽

མི་རྣམས་ཀྱི་ཧམ་སེམས་ནི་ནམ་མཁའ་ལས་ཆེ་བས། མི་ཡུལ་ཧྲིལ་བོ་ཧམ་པས་ཟོས་པ་ཐལ་དྲགས་ནས། ས་ཆུ་མེ་རླུང་གི་ལྷ་སྲིན་ཁྲོས་ནས་ཆོ་འཕྲུལ་བསྟན། མེ་ཡིས་སྲེག་ཅིང་ཆུ་ཡིས་འཁྱེར། ས་གཞི་འགུལ་ཞིང་ཆར་རླུང་རྩུབ། མི་ཡུལ་ལ་རང་བྱུང་གི་གནོད་འཚེའི་འཇིགས་པ་ཆེ། སྐྱེ་རྒ་ན་འཆི་ནི་བཟློག་མེད་ཀྱི་ཆོས་ཉིད་ཅིག་ཡིན་རུང་ །མི་ཟ་དགུ་ཟ་དང་མི་ལས་དགུ་ལས་བྱེད་པའི་མིའི་རིགས་ཀྱིས། ནད་རིགས་དུ་མ་ཞིག་གང་སར་གསར་དུ་བསྐྱེད་ཅིང་། ཚབས་ཆེའི་འགོས་ནད་མང་པོ་ཞིག་ཀྱང་ཤར་དང་ནུབ་ནས་མཆེད། ད་ནི་ལམ་ནག་པོའི་ཁ་ཞེང་ཇེ་ཆེ་དང་། ལམ་དཀར་པོའི་ཞེང་ཁ་ཇེ་དོག་རེད།

ང༽

སྙིང་རྗེའི་ལྷ་མཆོག་མཁྱེན། མི་ཡུལ་ནས་ལས་རྒྱ་འབྲས་བསྣོག་རྒྱུ་མཚམས་མ་བཞག་ན། མི་ཡུལ་འདི་མིའི་འདྲེ་ཚོགས་ཀྱིས་བརླགས་ཏེ་སྟོངས་པར་འགྱུར་ངེས། དུས་རབས་ཉེར་གཅིག་པར་ད་དུང་མཐའ་འཁོབ་དང་ཀླ་ཀློ་བ་མང། མཐའ་འཁོབ་ལ་ལ་ནས་དཀོན་མཆོག་གི་སྒྲ་མི་ཐོས་ཤིང་ཀླ་ཀློ་གང་མང་ཞིག་གིས་སེམས་ཅན་གསོན་སྲེག་བྱེད། མི་སྙིང་གསོན་པོ་ཟ།

 

ཤེས་རབ་ཀྱི་ལྷ་མཆོག་མཁྱེན། མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་སྐྱིད་རྨོངས་པས་འཚོལ། རང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་རྒྱུན་མི་འཆད། སྣོད་བཅུད་ཉམས་རྒུད་ཀྱི་སྤྱོད་ངན་ཀུན་ཏུ་ཁྱབ། ད་དུང་མི་རྣམས་ལ་ལེགས་ཉེས་འབྱེད་པའི་བློ་གྲོས་ཤིག་མ་བསྩལ་ན། རྨོངས་པའི་སྨག་ནག་སྟུག་པོས་འཇིག་རྟེན་འདི་ཁྱུར་མིད་གཏོང་ངེས།

 

དཀོན་མཆོག་མཁྱེན། ཁྱེད་ཉིད་ནི་ལམ་དཀར་པོ་བཏོད་མཁན་དང་དེར་འཁྲིད་མཁན་ཡང་ཡིན་ངེས་ན། མི་ཡུལ་གྱི་ལམ་ནག་ཆེན་པོ་དེ་ཁྱེད་ཀྱི་རྫུ་འཕྲུལ་གྱིས་ཡལ་དུ་འཇུག་གནང་འཚལ། གཏན་ནས་མེད་པར་མཛོད་ཅིག ནམ་ཡང་མི་མངོན་པར་གྱུར་ཅིག། །།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php