༄།མཛེས་མ་ལགས།

 

མཛེས་མ་ལགས། ཁྱོད་ཀྱི་འཛུམ་མདངས་ལས་བརྩེ་སེམས་ཀྱི་མཛེས་སྡུག་ཅིག་མཐོང་བས། ཁྱོད་ཉིད་བདག་གི་ཡིད་འོང་མ།

མཛེས་མ་ལགས། བདག་སྐྱོ་བའི་སེམས་གཅོང་གིས་མནར་དུས། ཁྱོད་ཀྱི་སྤྱན་ཟུང་ནས་སྙིང་རྗེའི་མཆི་མ་དང༌། ཁྱོད་ཀྱི་གླུ་སྒྲ་ལས་སེམས་གསོའི་སྙན་དངགས་བཞུར།

མཛེས་མ་ལགས། བདག་ལྟོགས་དུས། ཁྱོད་ཀྱི་ཕྱག་ཟུང་ནས་རོ་བརྒྱའི་ཞལ་ཟས་འཕྱུར།

མཛེས་མ་ལགས། བདག་སྐོམ་དུས། ཁྱོད་ཀྱི་མྱོས་བུམ་ལས་ཞིམ་མངར་འོ་ཇ་མཆོད།

མཛེས་མ་ལགས། བདག་འཁྱགས་བྱུང༌། ཁྱོད་ཀྱི་ལྟེ་ཁྱིམ་དུ་དྲོ་སྐྱིད་ཀྱི་གནས་ཚང་གདའ།

སྙིང་སྡུག་ལགས། སྒོ་ཕྱེས་དང༌། བདག་འོང་གིན་ཡོད།

ཁྱོད་ཀྱི་གསང་བའི་གནས་སྒོ་ཕྱེས་ཤིག གནས་དེ་ན་བདག་གི་ལྷ་ཡུལ་དང༌། གནས་དེ་ན་ཁྱོད་ཀྱི་བདེ་ཆེན་ཡོད།

མི་ཡུལ་ན་མཛེས་མ་མངས་ལ། མི་ཡུལ་ན་མཁའ་འགྲོ་མ་ཡང་་་་

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php