བྱམས་བརྩེ་དང་འདོད་བརྩེ།





སྙིང་རྗེའི་སྤྱན་གྱིས་ཀུན་ལ་གཟིགས་པའི་ལྷ།།

ཐུགས་རྗེ་ཆེན་པོའི་ཐུགས་ལ་ཕྱག་འཚལ་ལོ།།

མ་ཡིས་ཕྲུ་གུར་བྱམས་བརྩེ་ཇི་བཞིན་དུ།།

རིས་མེད་ཀུན་ལ་གཅེས་ཚུལ་བསམ་མི་ཁྱབ།།



འདོད་བདེའི་ཟུར་མིག་མདའ་མོ་འཕེན་མཁས་ལྷ།།

དགའ་རབ་དབང་ཕྱུག་འཁོར་བཅས་རྩེད་དགའི་དཔྱིད།།

སྙིང་ལ་རབ་རྒྱས་འཇིག་རྟེན་ཕོ་མོའི་ཚོགས།།

འཐམ་འཁྱུད་ཟློས་གར་དམ་པའི་སྤྱོད་ཡུལ་མིན།།



ཕ་མ་ཕན་ཚུན་འོ་སྦྱོར་ཆགས་པས་ཏེ།།

ཕ་མས་ཕྲུ་གུར་འོ་བྱེད་བྱམས་པ་ཉིད།།

འདི་ནི་འཇིག་རྟེན་ཐུན་མོང་མངོན་གྱུར་ཆོས།།

གཅེས་ཚུལ་འདྲ་མིན་སྣང་ཡང་དགག་བྱ་མིན།།



མི་ལ་རས་པ་གཅེར་བུར་བཞུགས་པ་ལ།།

སྲིང་མོ་ངོ་ཚས་ལྟ་བར་མ་བཟོད་ཚེ།།

ཕོ་མོའི་མཚན་མ་ལྷན་སྐྱེས་ཀུན་ལ་ཡོད།།

དེ་ཉིད་ངོ་ཚའི་ཡུལ་མིན་མགུར་དུ་བཞེངས།།



ཆགས་བྲལ་རྣལ་འབྱོར་ཆེན་པོའི་མདུན་ས་ན།།

འཇིག་རྟེན་ངོ་ཚ་ཐམས་ཅད་ངོ་ཚ་མིན།།

ཉོན་མོངས་མི་དགེ་མཐའ་དག་ངོ་ཚ་ཡིན།།

འདི་འདྲ་ཕལ་བའི་སྐྱེ་བོས་ནུས་པ་མིན།།



ཆོས་ཚོགས་ཆེན་པོ་གང་གི་སྐུ་མགྲོན་སྐབས།།

དགེ་སྦྱོང་ཆེ་གང་གཅེར་བུ་པ་དང་ལྷན།།

བཞུགས་ཚུལ་འཛེམ་དོགས་མེད་པར་གསུངས་པ་ཡང་།།

མི་ལའི་རྣམ་ཐར་རྗེས་སུ་མི་འགྲོ་འམ།།



ལ་ལའི་མགུལ་ལ་འཁྱུད་ཅིང་འཐམ་འཐམ་གནང།།

ལ་ལའི་ཨག་ཚོམ་འཇུས་ནས་འཐེན་འཐེན་གནང་།།

ལ་ལར་ཐོད་པ་གཏུགས་ཤིང་འོ་ཡང་སྦྱོར།།

ལ་ལར་བྱིལ་བྱིལ་ལྗགས་སྟོན་གཅེས་ཚུལ་མང་།།



གཅིག་ནས་མ་བཅོས་བྱམས་བརྩེ་ཀུན་ལ་སྙོམ།།

གཉིས་སུ་འདོད་པ་དོན་གཉེར་ཀུན་ནས་སྤངས།།

གསུམ་ནས་ཕོ་མོ་རྒན་གཞོན་ཁྱད་པར་མེད།།

དགེ་སློང་བསྟན་འཛིན་རྒྱ་མཚོ་སྙིང་རྗེའི་ལྷ།།



གང་གི་ན་བཟའ་དང་ནི་བཞེས་ལྷག་ཙམ།།

སུ་ལ་ཐོབ་པ་དེ་དག་སྐལ་བཟང་ཞེས།།

ཡི་རང་སྨོན་པ་བདག་ཅག་ལ་མཚོན་ན།།

འོ་དང་ལྗགས་མཇལ་མཆོག་གི་སྐལ་བ་འོ།།



དེ་བས་ཆོས་ལུགས་སྲོལ་ལུགས་མི་འདྲ་ཞིང་།།

ལྷག་པར་འདོད་ལྷས་བསླུས་པའི་འདོད་ལྡན་ཚོའི།།

མ་རྟོགས་ལོག་རྟོག་མཐའ་དག་ཞི་གྱུར་ནས།།

སྙིང་རྗེའི་འོ་ཡི་དངོས་གྲུབ་འཐོབ་པར་ཤོག།



རྐྱེན་ངན་མཐའ་དག་གྲོགས་སུ་འཁྱེར་མཁས་པ།།

བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་ཐར་ཏེ།།

ཤཀྱའི་དགེ་སྦྱོང་ཆེན་པོར་འགྲན་འཛུགས་པ་དེ།།

དེ་ཀུན་གང་གི་སྙིང་རྗེས་འདུལ་བར་ངེས།།



བླ་མ་སྤྱན་རས་གཟིགས་དང་དབྱེར་མེད་པས།།

གང་ལ་གང་འདུལ་མཛད་པ་བསམ་མི་ཁྱབ།།

བདག་ཅག་སྒོ་གསུམ་གང་ནོངས་མཐོལ་ལོ་བཤག།

རྗེས་སུ་ཡི་རང་དགེ་ཀུན་བྱང་ཆུབ་བསྔོ།།



༢༠༢༣ ༠༤ ༡༤ བོད་ཟླ་༢་ཚེས་༡༤ ཞི་གཟའ་པ་སངས། 



 

 

 

སྨོན་ཚིག་ཕུན་ཚོགས་བརྒྱ་ལྡན།

 

 

༢༠༢༠ བཀའ་དྲིན་རྗེས་དྲན་སྲུང་བརྩིའི་ལོར། ཧྥ་རན་བོད་རིགས་ཚོགས་པའི་སློབ་མ་ཚོའི་ཆེད་དུ་སྦྱར་བའོ།།

 

 

ལྷར་བཅས་འགྲོ་བའི་སྟོན་པ་ཆེན་པོ།།

འཛམ་གླིང་ཞི་བདེའི་དེད་དཔོན་དམ་པ།།

རིས་མེད་སྐྱེ་བོའི་འདི་ཕྱིའི་སྐྱབས་མགོན།།

རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ།།

 

ཐབས་མཁས་ཐུགས་རྗེ་བླ་ན་མེད་པ།།

ལུགས་གཉིས་མཛད་པ་བསམ་གྱིས་མི་ཁྱབ།།

ཆོས་ཀྱི་འཁོར་ལོ་སྐོར་བ་ཐུགས་རྗེ་ཆེ།།

སྲིད་ཀྱི་ལམ་སྟོན་མཛད་པ་བཀའ་དྲིན་ཆེ།།

 

མིའི་རིགས་ཡོངས་ལ་བྱམས་བརྩེ་གོང་སྤེལ་གཅིག།

ཆོས་ལུགས་ཀུན་ལ་གུས་བཀུར་མཛའ་མཐུན་གཉིས།།

གངས་ཅན་བོད་མིའི་འཕྲལ་ཕུགས་བདེ་ཐབས་གསུམ།།

རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་བཞི།།

 

ཁྱེད་ཀྱི་བླ་མེད་འཕྲིན་ལས་རྣམ་བཞི་ལགས།།

ངོ་མཚར་ཆེའོ་བཀའ་དྲིན་བླ་ན་མེད།།

སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག།

ཚེ་རབས་ཀུན་ཏུ་འབྲལ་མེད་ཐུགས་རྗེས་གཟིགས།།

 

 

 

ཏཱ་ལའི་བླ་མ།

 

ཞོགས་པའི་ཉི་གཞོན་མཁའ་རུ་འཕགས་དུས་ཁྱེད་ཀྱི་མཚན་སྙན་ལྷ་ཡུལ་འཕུར།

རྟ་བདུན་དབང་པོས་གླིང་བཞི་བསྐོར་དུས་ཁྱེད་ཀྱིས་འཛམ་གླིང་ཞབས་ཀྱིས་བཅགས།

འཇིག་རྟེན་སྒྲོན་མེས་སྨག་དཔུང་གཞིལ་དུས་ཁྱེད་ཀྱང་སྐྱེ་རྒུའི་རྨོངས་དགྲར་འཐབ།

ཉི་འོད་འཇམ་པོས་དཔྱིད་དཔལ་འགུགས་དུས་ཁྱེད་ཞལ་འཛུམ་བརྒྱས་ཞི་བདེ་བསུ།

 

འོད་དང་དྲོད་ཀྱིས་སྟོངས་པའི་ཚེ་ན་ཚེ་སྲོག་གསར་བའི་འགྱུར་ཁུགས་མེད།

 

ཉི་མ་ཐུན་མོང་ལོངས་སྤྱོད་སྒྲོན་མེ་ཁྱེད་ཀྱང་ཀུན་གྱི་སེམས་ཁོང་ཉིན་བྱེད།

ཇི་སྲིད་སྲིད་པའི་སྒྲོན་མེ་མ་ནུབ་ཁྱེད་ཀྱི་འཕྲིན་ལས་འོད་སྣང་དེ་སྲིད། ། 

 

  

གསེར་གྱི་གཟེངས་རྟགས

 

  

 

ས་ལེ་སྦྲམ་ནི་ས་འོག་གནས་ཀྱང་གསེར་འོད་མཁའ་ལ་ཁྱབ་པར་གྲགས།

མ་གྲོས་ཐམས་ཅད་མགྲིན་གཅིག་དབྱངས་ཀྱིས་གཟེངས་སུ་བསྟོད་པ་དོན་གྱི་གྲགས།

སྟོབས་ཀྱིས་དྲེགས་པའི་དཔལ་གྱི་རྒྱལ་ཁབ་ཨ་རིའི་གཟི་བརྗིད་རྟགས་མ་ཡང༌།

ཁྱེད་ཀྱི་བླ་མེད་ཡོན་ཏན་མཚོན་ལ་རིན་ཐང་ཆུང་བར་བདག་གིས་རྟོགས།

 

དམ་པ་རྣམས་ནི་བསྟོད་པས་མ་ཡིན་རང་གི་བྱས་པས་རང་ཡིད་ཚིམ་ན་རིན་ཐང་ཉིད།

 

དེ་བས་བདག་གིས་ཁྱེད་ལ་བསྔགས་པའི་སྙན་ཚིག་འདི་ཡང་རིན་གྱིས་དམན།

ཉིད་ཀྱིས་ལེགས་བསྟན་འོད་ཟེར་ལམ་དུ་ཚེ་ལྷག་གོམ་པ་ཤུགས་ཀྱིས་འདེགས། །

 

 

ཞི་བདེའི་ཕུག་རོན

 

སེམས་ཉིད་བདེ་བ་བདེ་བའི་མཆོག་ཅེས་གནའ་རབས་གཏེར་ཡིག་ལས་ཀྱང་གསུངས།

འོན་ཀྱང་རྟ་དམག་དཔུང་གི་རུ་མཚོན་གནའ་ནས་ད་བར་སྙིང་ལ་ཕྱར།

འདོད་ལྷ་མྱོས་པའི་མེ་ཏོག་མདའ་ལྔས་འདོད་ཁམས་དབང་དུ་བསྒྱུར་བ་སྐད།

ཚན་རིག་རྩལ་གྱི་རྫས་རྡུལ་གཅིག་གིས་གླིང་ཆེན་ཐལ་བར་གཏོང་འདི་བདེན།

 

ཞི་བདེའི་རེ་སྨོན་གནའ་ནས་བཅངས་མོད་དྲག་པོའི་རོལ་རྩེད་གེགས་སུ་སྤྱད།

 

འཚེ་མེད་བྱམས་བརྩེའི་འཛུམ་མདངས་ཁོ་ན་མི་མཐུན་ཀུན་གཞིལ་བདུད་རྩི་སྟེ།

ཞི་བདེའི་ཕུག་རོན་དཀར་པོའི་གཤོག་རླབས་འདི་ཕྱི་ཕན་བདེའི་དབྱིངས་སུ་སྐྱོད། །

 

 

 

 

 

 

 

གེ་སར་གསོལ་འདེབས།

 

གེ་སར་དམག་དཔོན་ལ་གསོལ་བ་འདེབས།

ཕྱི་ཡི་དགྲ་དཔུང་འཇོམས་པར་མཛོད།

གེ་སར་ཆོས་རྒྱལ་ལ་གསོལ་བ་འདེབས།

ནང་གི་དགྲ་ཚོགས་འཇོམས་པར་མཛོད།

 

མཛངས་མ་འབྲུག་མོ་ལ་གསོལ་བ་འདེབས།

ཕྱི་ཡི་ཡོན་ཏན་མ་ལུས་སྩོལ།

ཤེས་རབ་འབྲུག་མོ་ལ་གསོལ་བ་འདེབས།

ནང་གི་བདེ་ཆེན་ཡོངས་སུ་སྩོལ།

 

རང་ཉིད་གེ་སར་དཔའ་བོར་སྒོམ།

ཕྱི་ནང་དགྲ་བགེགས་ཚར་གཅོད་བྱེད།

རང་ཉིད་འབྲུག་མོ་མཛངས་མར་སྒོམ།

ཕྱི་ནང་ཡོན་ཏན་འཛོམས་པར་བྱེད།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php