ལོ་སར་སྨོན་ཚིག་ཅིག

 

 

 

སྣོད་བཅུད་མ་ལུས་གཅིག་ལ་གཅིག

རྟེན་ཅིང་འབྱུང་བའི་ཆོས་ཉིད་ཕྱིར།

ཕྱི་ལོ་གསར་ཚེས་རྟེན་འབྲེལ་ལ།

བཀྲ་ཤིས་སྨོན་པའི་ཚིག་གསུམ་ཞུ།

 

མི་རྣམས་གནོད་འཚེའི་བསམ་སྦྱོར་སྤོངས།

ཕན་ཚུན་བྱམས་བརྩེས་རྟག་ཏུ་འགྲོགས།

གོ་ལ་ཁྱིམ་གཅིག་འདུ་ཤེས་སྐྱེད།

ཆགས་སྡང་ཕྱོགས་ལྷུང་མེད་པར་་སྨོན།

 

སྐྱིད་སྡུག་ཡོད་ཚད་རྟེན་འབྲེལ་ཡིན་པའི་ཕྱིར།

རྟག་ཏུ་ཕན་བདེའི་ལས་ཀུན་སྒྲུབ་ལ་འབོད།

བསམ་བཟང་སྤྱོད་ལེགས་དར་བའི་རྟེན་འབྲེལ་གྱིས།

སྣོད་བཅུད་དགེ་ཞིང་འཛམ་གླིང་ཞི་བདེ་ཤོག

 

༢༠༢༢ ༠༡ ༠༡ སྔ་དྲོར།

 

  

ལྕགས་བྱིའི་དགུ་ཟློག

 

བོད་ཟླ་༡༢ཚེས་༢༩ གཟའ་ལྷག་པ།

 

 

༧རྒྱལ་བའི་བསྟན་པ་ཡིད་བཞིན་ནོར་བུའི་ཏོག།

མཁྱེན་རབ་རྒྱལ་མཚན་མཐོན་པོའི་རྩེར་འཛིན་ཅིང་།།

བརྩེ་ཆེན་ཐབས་མཁས་རྒྱ་མཚོའི་སེམས་དཔའ་ཆེ།།

སྐྱེ་དགུའི་ཉོན་མོངས་གཞིལ་མཛད་ཡོངས་ལ་འདུད།།།

 

བདག་ཅག་ཅི་འབྱོར་དངོས་སུ་བཤམས་པ་དང་།།

ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན།།

ནམ་མཁའ་གང་བས་བསོད་ནམས་ཞིང་གི་མཆོག།

རྒྱལ་བ་སྲས་དང་བཅས་ལ་རྟག་ཏུ་མཆོད།།

 

སྐྱེ་བ་འདི་དང་ཐོག་མ་མེད་པ་ནས།།

ཉོན་མོངས་དབང་གྱུར་བདག་སོགས་སྒོ་གསུམ་གྱི།།

ཉེས་པ་ཅི་མཆིས་འགྱོད་པས་བཤག་པ་དང་།།

སླད་ཆད་མི་བགྱིའི་སྡོམ་པ་ལེན་པར་སྨོན།།

 

སངས་རྒྱས་བྱང་སེམས་ལ་སོགས་རང་གཞན་ཀུན།།

ཁྱད་པར་སྤྱན་རས་གཟིགས་དབང་མགོན་གང་གི།

གསང་གསུམ་འཕྲིན་ལས་སྤྱི་དང་དེང་དུས་ཀྱི།།

ཀུན་ཕན་མཐའ་ཡས་མཛད་པར་རྗེས་ཡི་རང་།།

 

ཇི་སྲིད་འགྲོ་བའི་ཉོན་མོངས་མ་ཟད་པ།།

དེ་སྲིད་མྱ་ངན་མི་འདའ་བཞུགས་སུ་གསོལ།།

གང་ལ་གང་འདུལ་དེ་ལ་དེར་མཐུན་གྱི།།

དམ་ཆོས་ལེགས་བཤད་དགའ་སྟོན་འགྱེད་འཚལ་ལོ།།

 

དཀོན་མཆོག་གསུམ་གྱི་བདེན་པའི་མཐུས།།

གཅེས་སྲོག་གཅོད་པའི་གནོད་སེམས་ཟློག།

མ་བྱིན་ལེན་པའི་འདོད་རྔམ་ཟློག།

ལོག་པར་གཡེམ་པའི་ཆགས་སྲེད་ཟློག།

 

གཡོ་སྒྱུས་བསླུ་བའི་རྫུན་ཚིག་ཟློག།

གཞན་སྙིང་སྲེག་པའི་ཚིག་རྩུབ་ཟློག།

མཛའ་མཐུན་དབྱེན་དཀྲུག་ཕྲ་མ་ཟློག།

དོན་མེད་གཏམ་གྱི་ངག་ཀྱལ་ཟློག།

 

དགེ་རྩ་ཀུན་འཇོམས་ལོག་ལྟ་བཅས།།

བསམ་ངན་སྦྱོར་ངན་མཐའ་དག་ཟློག།

གཞན་ཡང་རིམས་ནད་དྲག་པོ་སོགས།།

དུས་མིན་འཆི་རྐྱེན་མཐའ་དག་ཟློག།

 

མདོར་ན་འཚེ་བའི་བསམ་སྤྱོད་ཀུན་ཞི་ཞིང་།།

བཟང་པོའི་སེམས་དང་ཕན་པའི་ལས་ཁོ་ན།།

སྐྱེ་བོ་ཀུན་ལ་རྟག་ཏུ་ལྡན་འགྱུར་བའི།།

མགོན་པོ་གང་གི་དགོངས་བཞེད་ལྷུན་འགྲུབ་ཤོག།

 

ལྕགས་བྱིའི་ལོ་རྙིང་དགུ་ཟློག་འདི་དག་སྟེ།།

ལྕགས་གླང་ལོ་གསར་བསུ་བའི་བཟང་དགུ་ཡང་།།

ལྷག་པ་དཀར་པོའི་མཆོད་པར་ཡང་འདི་བཟང་སྙམ།།

ལྷག་པའི་བསམ་པ་བསྐྱེད་ཅིང་ཚིགས་སུ་བསྡེབས།།

 

འདི་ལྟར་ཡན་ལག་བདུན་པའི་མཆོད་པ་དང་།།

མི་དགེའི་ཉོན་མོངས་ཀུན་ཟློག་སྨོན་ལམ་བཅས།།

བདག་ཅག་དགེ་བའི་ས་བོན་ཅི་མཆིས་པ།།

བླ་མའི་ཐུགས་བཞེད་འགྲུབ་པའི་རྒྱུ་རུ་སྔོ།།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php