ས་མཐའི་གླིང་བུ་ཁེར་འབུད།

 



ས་འཛམ་གླིང་ཤར་ཕྱོགས་སྒང་གི
ཆོས་དཀར་པོའི་འོད་སྣང་འཕྲོ་ས།
གངས་དཀར་པོའི་རི་ཚོམ་བརྒྱ་ལྡན།
བོད་ཁ་བ་ཅན་གྱིི་ཞིང་ཁམས།
ངས་བཀུར་འོས་མེས་པོའི་རྒྱལ་ཁབ།
དེའི་ཤར་མཐའི་བླ་བྲང་དགོན་ཆེན།
ཆོས་རིག་གནས་ལོངས་སྤྱོད་འདོད་དགུ
གནས་དེ་ཡི་བསྟན་པའི་སྦྱིན་བདག
སྡེ་ཆེན་པོ་རྨ་ལྷོ་སོག་རྫོང།
ང་སྐྱེ་ས་འཚར་སའི་ཕ་ཡུལ།
རྟ་འདོ་བའི་བང་རྩལ་མྱུར་ས།
སྟག་ཤ་རའི་དཔའ་རྩལ་ངོམ་ས།
བུ་བུ་མོའི་བློ་རིག་རྒྱས་ས།
སྡེ་འདི་ལ་འཛོམས་གསུམ་འཛོམས་ཡོ
ང་འཛོམས་ནོ་ཞེ་རེ་ལོས་ཆགས།
ཞེ་ཆགས་རུང་ཕྱིར་ཡོང་དཀའ་གི
སྤྱིར་ཡིན་ན་དཀའ་རྒྱུ་ཆེ་ཡོད།
ཉིན་གཅིག་གི་འཕུར་ཐེངས་གཅིག་རེ
དེ་ཡིན་རུང་རྒྱལ་ཁྲིམས་ལྕགས་རེ
ལྕགས་དམར་པོའི་རྩེ་མོ་མདུང་རེད།
མདུང་རྩེ་བརྒྱ་ནམ་མཁའི་ནགས་རེད།
ནགས་འདི་ཚོ་གཤིན་རྗེའི་འཕྲང་རེ
འཕྲང་འདི་ནས་ཐར་ཁ་དཀའ་གི
རྗེ་བླ་མ་བྱིན་རླབས་ཅན་པོའི།
ཐུགས་བཞེད་དོན་མ་གྲུབ་སྔོན་ན།
སྲོག་དམར་པོ་ཤོར་ན་ཕངས་ཀི

དྲིན་མ་ལོ་བྱམས་སེམས་ཅན་པོ།
དྲིན་དངོས་སུ་འཇལ་ཐབས་མེད་ཀྱང།
གསུང་རིན་ཐང་ཅན་པོ་མི་བརྗེད།
ལུས་རིན་ཆེན་འཕྲོ་བརླག་མི་གཏོང།
ལས་བྱ་བ་གང་ཡིན་མི་སྒྲུབ།
ཡུལ་ཕ་མའི་སེམས་ཁ་མི་དཀྲུག
སྤུན་ན་ཟླའི་མགོ་རྣ་མི་རྫོད།
ངའི་རང་ལུས་འདོམ་གང་མ་བོ།
དྲིན་ཕ་མས་གནང་བ་ཡིན་ཡང།
སྡེ་ཆེན་པོའི་སྡེ་དོན་ཆེད་དུ།
ལས་དཀའ་སྡུག་མྱོང་རྒྱུར་མི་སྐྲག
ཡུལ་གངས་ཅན་བསྟན་འགྲོའི་ཆེད་དུ།
སྲོག་དམར་པོ་ཤོར་ཡང་མི་འགྱོད།
གངས་དཀར་པོ་ཨ་མྱེས་རྨ་ཆེན།
གངས་གན་གི་དབུ་འཕང་སྟོད་དགོས།
བོད་གངས་ཅན་བླ་རི་གན་ཡིན།
རྫ་བརྗིད་ཆགས་ཨ་མྱེས་ཆབ་བྲག
རྫ་གན་གི་དབུ་རྩེ་སྟོད་དགོས།
ས་སོག་པོའི་གཡང་རྟེན་གན་ཡིན།
རི་འཕྱོར་ཡག་བྱ་རྫིའི་པད་མ།
རི་གན་གི་ངོ་སོ་བསྟོད་དགོས།
ངའི་སྐྱེས་ལྷ་དགྲ་ལྷ་གན་ཡིན།

བོད་གངས་ཅན་ཤེལ་དཀར་མཆོད་རྟེན།
རྨ་སོག་རྫོང་གཡུ་ཡི་ཕྲ་རྒྱན།
ལྷ་གཅིག་གི་རབ་གནས་འཐོར་ཡོད།
ཆོས་གཅིག་གི་བྱིན་རླབས་ཞུགས་ཡོ
སྐད་གཅིག་གི་དུང་བ་ཆགས་ཡོད།
རྩ་གཅིག་གི་ཁྲག་ལམ་འདྲེས་ཡོད།
སེམས་གཅིག་གི་སྨོན་འདུན་མཐུན་ཡོད།
སྡུག་སྨག་ནག་འཐིབས་ན་གཅིག་ཡིན།
སྐྱིད་ཉི་མ་ཤར་ན་གཅིག་ཡིན།
ཕྱི་རྒྱ་མཚོ་སྐྱོམ་ཐེངས་གཅིག་གིས།
སྡེ་ཆེན་པོ་བརླག་ཉེན་གཅིག་ཡིན།
གཅིག་ཡིན་ནོ་ཚང་མས་ཤེས་དགོས།
ཤེས་སོང་ན་དམ་ཚིག་མཐུན་དགོས།
མཐུན་སོང་ན་ཁྱིམ་ཚང་གཅིག་ཡིན།
བོད་ཁ་བའི་ནང་མི་སྤུན་ཟླ།
སྐྱིད་བདེ་སྡུག་གཅིག་གི་སྨོན་ལམ

གངས་དཀར་པོའི་སེང་གེ་ང་མིན།
བྲག་དམར་པོའི་རྒོད་པོ་ང་མིན།
དེ་མིན་རུང་ཆབ་བྲག་སྔོན་མོའི།
གསུང་འཕྲིན་ལས་སྒྲུབ་པའི་ཕོ་ཉ།
ཕྱི་རྒྱལ་ཁམས་འགྲིམས་པའི་ལྡོམ་པོ
ང་ནོ་ཡོན་ཚང་གི་ཞི་ལིས།
ས་རང་ཡུལ་དྲན་ཚུལ་འདི་ཡིན།
སྡེ་ཕྱི་ནང་དུངས་ཚུལ་འདི་ཡིན།
ཁ་ཁོག་པའི་སྙིང་གཏམ་འདི་ཡིན།
ནང་ན་ཟླའི་སེམས་ལ་དེ་ཟུངས།
ཕྱི་སྡེ་བའི་རྣ་ལ་དེ་ཞོག
ང་ཤི་ན་ཁ་ཆེམས་དེ་ཡིན།
ང་གསོན་ན་འབད་ས་དེ་ཡིན།
ངའི་སེམས་ཀྱི་རེ་བ་དེ་ཡིན།

ལུག་གཡང་དཀར་འཚོ་གི་བུ་མོ།
ལག་ལས་ཀ་ཅན་གྱི་བཟང་མོ།
བློ་རིག་པ་ཅན་གྱི་སྲས་མོ།
ངག་སྙན་མོ་ཁུ་ལོའི་གསུང་གིས།
ངའི་མགུར་འདི་ལེན་རྒྱུ་ཁྱོད་གསལ།།

༢༠༡༤ ༠༩ ༡༧ 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php