༄། །རྒྱང་རིང་གནམ་མཐའ་མ།

 

 

ཨོཾ

།རྒྱང་རིང་གི་གནམ་མཐའ་ཞིག་གི

།སྤྲིན་ནག་པོའི་རྦ་རླབས་ཁྲོད་ནས།

།གློག་དམར་པོའི་ལྕེ་ཞགས་གཅིག་གིས།

།འབྲུག་ལྗང་ལོ་དམ་ལ་བཏགས་ཐལ།

།བྲག་རྡོ་རྗེར་གས་ཀ་ཤོར་ཐལ།

།བྱ་རྨ་བྱའི་སྒྲོ་གུར་ཆག་ཐལ།

།རྒོད་ཐང་དཀར་དིང་རུས་གས་ཐལ།

།ཆར་དྲག་པོའི་རྡེའུ་འབུམ་གཏོར་ཐལ།

།རྩྭ་རྩི་ཏོག་རྩ་ནས་བཀོག་ཐལ།

།འབུ་སྦྲང་མའི་ཚེ་སྲོག་ཆད་ཐལ།

།གནམ་ཨ་ནེ་གོང་མ་རྒྱལ་མོ།

ཁྱོད་ངོ་མ་སྙིང་རྗེ་མེད་ཀི

ཨཱ

།དགྲ་གཤིན་རྗེའི་ལས་མཁན་དམར་པོ།

།ཐོག་གློག་ཞགས་དམར་པོའི་བཙན་རེད།

།བྱ་རྒོད་པོ་གནམ་ནས་ཟ་གི

།ཉ་གསེར་མིག་མཚོ་ནས་བཤའ་གི

།སེང་དཀར་མོ་གངས་ནས་འདེད་ཀི

།རྗེ་བླ་མའི་བླ་སྲོག་འཕྲོག་གི

།དགྲ་དམར་པོ་འཆི་བདག་དུག་རེད།

།དུག་ནག་པོ་གློག་དམར་ཐོག་རེད།

།ཐོག་ནམ་རྒྱག་ཆ་མེད་བདུད་རེད།

།བདུད་འདི་ལ་ངོ་ཡ་དཀའ་གི

།དགྲ་གནམ་ས་གཉི་གའི་བར་ནས།

།ང་མགོ་ནག་རྩམ་གཟན་སྙིང་རྗེ།

ཧཱུཾ

།ངའི་ལྷ་མཆོག་སྤྱན་རས་གཟིགས་དབང༌།

།སྤྱིར་བསྟན་དང་འགྲོ་བའི་སྐྱབས་གནས།

།ནང་སྒོས་སུ་བོད་ཀྱི་མགོན་སྐྱབས།

།དེའི་སྐུ་འཁོར་ཕྱི་ནང་བར་གསུམ།

།རྗེ་སྐྱེས་མཆོག་བསམ་གྱིས་ཁྱབ་མིན།

།བྲག་སྒོམ་པ་སྐུ་རབས་ཕྲེང་བ།

།འཁོར་དེ་དག་ནང་ན་ལོས་བཞུགས།

།ངས་ལོས་བཞུགས་བསམ་ནས་སྨོན་ཡོད།

།སྨོན་ཡོད་པ་ཁྱེད་ཀིས་ལོས་མཁྱེན།

།ངས་ལོས་མཁྱེན་བསམ་ན་དགའ་གི

།དུས་སྙིགས་མའི་གད་སྙིགས་ནང་ན།

།གསེར་ཡོད་ཀྱང་རིན་ཐང་མི་ཤེས།

།ང་ལྷ་བྱ་ཁུ་བྱུག་སྔོན་མོ།

།གསུང་སྙན་ཡང་རྟོགས་པ་དམའ་བས།

ཁྱེད་གསང་གསུམ་གླུ་རུ་ལེན་དཀའ།

།དཻ་ཡིན་རུང་སྨོན་ལམ་རྣམ་དག

།ཚེ་ཕྱི་མར་མཇལ་རྟེན་ངས་འབུལ།

།གཅིག་ཁྱེད་སྐུ་རིམ་བྱོན་མཛད་བཟང༌།

།གཉིས་ཁྱེད་ལ་དད་མཁན་ལེགས་བྱས།

།གསུམ་མཆོག་གསུམ་བདེན་པའི་བྱིན་མཐུས།

།སྐུ་འགྲན་ཟླ་མེད་ཅིག་བྱོན་ཤོག

།གསུང་བྱིན་རླབས་ཅན་ཞིག་བྱོན་ཤོག

།ཐུགས་མཁྱེན་བརྩེ་ཅན་ཞིག་བྱོན་ཤོག

།མཐུ་བསྟན་པའི་དགྲ་འདུལ་བྱོན་ཤོག

།བོད་གངས་ཅན་མགོན་དུ་མྱུར་བྱོན། །

 

སྒྲ་སྙན་རྡུང་ལེན་ཞིག་གི་ཚུལ་དུ་འཕགས་ཡུལ་ནས། ༢༠༠༧།༨།༧།ལ་ཕུལ་བ་དགེའོ། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php