ནམ་ཡང་མ་བརྗེད།

 

 

རྒྱ་དམར་དམག་དཔུང་གིས་བོད་བཙན་བཟུང་བྱས་པའི་ནམ་ཟླ་རྩུབ་པོ་དང་བཙན་བྱོལ་སྐྱབས་བཅོལ་བའི་དཀའ་སྡུག་འབད་འབུངས་ཀྱི་ལོ་ཟླ་རིང་མོར་དྲན་གསོའི་ཆེད་དུ། ༢༠༢༤ ༣ ༡༠

 

 

གནམ་ལ་སྤྲིན་ནག་འཁྲིགས་ནས།

སེར་བས་ས་གཞི་བརྡུངས་སོང།
གནམ་ལྕགས་ཐོག་མདའ་དམར་པོས།
བཙན་པོའི་ཕོ་བྲང་གཏོར་སོང་།
གངས་རི་དཀར་པོའི་རང་མདངས།
དམར་པོ་ཁྲག་གིས་བསླད་བྱུང་།
ཁྲག་གི་ལོ་ཟླ་ནམ་ཡང་མ་བརྗེད།།

 

ས་ལ་བྱོན་པའི་སེམས་དཔའ།
ས་མཐར་བྱོལ་དགོས་བྱུང་སོང་།
འཚེ་མེད་བདེན་པའི་འབོད་སྒྲ།
འཛམ་གླིང་ཡོངས་ལ་ཁྱབ་སོང་།
གདུང་སེམས་མཉམ་སྐྱེད་གླུ་སྒྲས།
བདེན་དོན་དཔུང་སྟོབས་བསྐྱེད་སོང།
རང་དབང་སླར་གསོ་ནམ་ཡང་མ་བརྗེད།།

 

 

 

ཡིད་དམ་ཚིག་གཙང་ན་བླ་མ་དགྱེས།



རྗེ་བླ་མ་དགུང་ལོ་གྱ་བརྒྱད་རེད།

ལོ་བརྒྱ་ལྷག་བཞུགས་རུང་ཉུང་ཉུང་རེད།

ཞལ་མཇལ་མཁན་མི་ཚོགས་ཇེ་མང་རེད།

ཐང་འཆད་ཀི་མ་འཇུག་བོད་མི་ཚོ།



རྗེ་བླ་མ་དགུང་ལོ་གྱ་བརྒྱད་རེད།

བོད་ཁ་བའི་ལས་དབང་ཉམ་ཐག་རེད།

རྒྱ་དམར་པོའི་་སྲིད་བྱུས་ཇེ་རྩུབ་རེད།

ཐུགས་ཕམ་གི་མ་འཇུག་བོད་མི་ཚོ།



རྗེ་བླ་མ་དགུང་ལོ་གྱ་བརྒྱད་རེད།

ཟས་བཟའ་བཏུང་ཞིམ་པོས་མཆོད་པ་ཕུལ།

ཞལ་ཅི་གསུང་གུས་པས་དང་དུ་ལོངས།

ཡིད་དམ་ཚིག་གཙང་ན་བླ་མ་དགྱེས།།



༢༠༢༣་༠༧་༠༦ བཤད་འདོད་པའི་ཚིག་འགའ་གཞས་ཚིག་ཅིག་གི་རྣམ་པས་ཕུལ་བ་ཡིན། རྒྱུ་མཚན་ནི་གཞས་ལ་ཉན་མཁན་ཅུང་ཙམ་མང་བས་སོ།།

 

 

 

 

སྲིད་སྐྱོང་ཁྲི་འཕང་མཐོ་བར་སྨོན།



 

 

བོད་གངས་ལྗོངས་ཆོས་སྲིད་ལུགས་བཟང་འདི།

ལྷ་ཕྱག་ན་པད་མོས་གནང་བ་རེད།

བོད་མགོ་ནག་དགའ་ནས་བསྐྱངས་པ་རེད།

ཆོས་འཇིག་རྟེན་རླུང་རྟ་གནམ་གྱིས་སྟོད།



དཔལ་དམངས་གཙོའི་ཀ་བ་གསུམ་ལྡན་འདི།

རྗེ་བསྟན་འཛིན་རྒྱ་མཚོས་གནང་བ་རེད།

བོད་མི་མང་དགའ་ནས་བླངས་པ་རེད།

བོད་སྲིད་སྐྱོང་ཁྲི་འཕང་དམངས་ཀྱིས་སྟོད།།



དཔོན་སྤེན་པ་ཚེ་རིང་སྲིད་སྐྱོང་འདི།

ལས་སྨོན་ལམ་བཙན་པོས་གནང་བ་རེད།

འཁོར་མི་མང་དགའ་ནས་བདམས་པ་རེད།

ཁྱེད་སྲིད་སྐྱོང་དབུ་འཕང་མཐོ་བར་སྨོན།།



༠༢༡་༤་༢༢ ལ་དགྲ་ལྷ་ཚང་གིས་སྲིད་སྐྱོང་གསར་བར་བསྟོད་གླུ་ཞིག་རྩོམ་རོགས་ཞེས་རེ་སྐུལ་ཞིག་བྱས་བྱུང་བས་ཚེས་༢༣ གཟའ་སྤེན་པའི་ཞོགས་པར་བསྟོད་སྨོན་འདི་འདྲ་ཞིག་བརྩམས་པ་ཡང་བོད་ཀྱི་བསྟན་སྲིད་བྱ་བ་དར་ཞིང་རྒྱས་པའི་རྟེན་འབྲེལ་དུ་འགྱུར་བར་སྨོན། ཞེས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཕུལ།

 

 

 བོད་གཞིས་བྱེས་འཛོམས་པའི་

རྟེན་འབྲེལ་ཡིན།

 

 
 
ཡར་སྟོད་ལ་གངས་རི་དཀར་པོ་ཆགས།
མར་སྨད་ལ་གཡུ་མཚོ་སྔོན་མོ་འཁྱིལ།
དེའི་བར་ལ་སྤང་ཞིང་ལྗང་མདོག་ལྡན།
བོད་གངས་ཅན་དག་ཞིང་གཅིག་ཏུ་ཆགས།
གནས་ཞིང་ཁམས་མ་འགྱུར་ད་དུང་ཡོད།
བོད་བསྟན་སྲིད་རྒྱས་པའི་རྟེན་འབྲེལ་ཡིན།
 
སྟོད་དབུས་གཙང་ཞིང་ནས་དུང་ཞིག་བུས།
བར་མདོ་ཁམས་སྟོད་ནས་ཀི་ཞིག་བཏབ།
སྨད་མདོ་སྨད་སྤང་ནས་རྟ་ཞིག་བརྒྱུགས།
བོད་ཆོལ་ཁ་གསུམ་པོས་སྤུན་ཞིག་བསྒྲིགས།
སྤུན་ལག་གདང་མ་འཐོར་ད་དུང་ཡོད།
བོད་གཞིས་བྱེས་འཛོམས་པའི་རྟེན་འབྲེལ་ཡིན།།
 



 ལྡོམ་པོའི་མགུར།

 

 

ང་ནི་ས་མཐའི་ལྡོམ་པོ་ཞིག

ཁྱོད་ཀྱང་ས་མཐའི་ལྡོམ་པོ་ཞིག

ལོ་མང་ས་མཐར་ལྡོམ་ནས།

མི་ཚེའི་ཕྱེད་ཀ་འདས་སོང།

 

ཕ་ཡུལ་མེད་པའི་ལྡོམ་པོ་མིན།

གཉེན་ཉེ་མེད་ལ་ལྡོམ་པ་མིན།

འུ་ཚོའི་ཕ་ཡུལ་བོད་ཡིན།

འུ་ཚོ་སྤུན་ཟླ་གཅིག་ཡིན།

འུ་ཚོ་ཤར་ནས་ནུབ་ཏུ་ལྡོམ།

འུ་ཚོ་རྒྱང་ནས་རྒྱང་དུ་ལྡོམ།

རྒྱང་རིང་ས་མཐའི་ལྡོམ་པོ།

ས་མཐའི་སྐྱོ་རོགས་འཚོ་རོགས།

 

བཙན་འཛུལ་དགྲ་ངོ་མ་ཟློག་བྲོས

རང་ས་རང་དབང་ཤོར་ནས་ལྡོམ།

འུ་ཚོ་བཙན་བྱོལ་བ་ཡིན།

འུ་ཚོ་སྐྱབས་བཅོལ་བ་ཡིན།

སྐྱིད་སྡུག་གླིང་ལ་སྒྲོག་གི་ཡོད།

བདེན་པའི་རྒྱབ་དཔུང་འཚོལ་གི་ཡོད།

ལོ་རྒྱུས་འགན་འཁྲི་དོར་མེད།

སྐད་དང་ཡི་གེ་བརྗེད་མེད།

 

འུ་ཚོ་ས་མཐའི་ལྡོམ་པོ་ཡིན།

འུ་ཚོར་དམིགས་ཡུལ་འགན་འཁྲི་ཡོད།

ལམ་སྟོན་ཞི་བདེའི་དེད་དཔོན།

འུ་ཚོ་ལྡོམ་པོའི་ཕ་མ།

མགྲོན་དུ་བསུ།



སྟོད་རི་རབ་རྩེ་ནས་གླུ་ཞིག་ལེན།

བྱ་རི་དྭགས་ཐམས་ཅད་མགྲོན་དུ་འབོད།

རྩྭ་རྩི་ཤིང་རྒྱས་པས་མགྲོན་བསུ་བྱེད།

འབྲོག་རྩྭ་ཐང་ཕྱུག་མོ་སྐྱིད་ལ་སྐུར།

 

སྨད་མཚོ་མོའི་མཐའ་ནས་གླུ་ཞིག་ལེན།

ཉ་མཚོ་བྱ་མཐའ་དག་མགྲོན་དུ་འབོད།

ཆུ་ཡན་ལག་བརྒྱད་པས་མགྲོན་བསུ་བྱེད།

རོང་ལོ་ཡག་ཞིང་ས་སྐྱིད་ལ་སྐུར།

 

བར་སྡེ་ཆེན་གྲོང་ནས་གླུ་ཞིག་ལེན།

བོད་ཆོལ་ཁ་གསུམ་པོ་མགྲོན་དུ་འབོད།

ཟས་སིལ་ཏོག་སྣ་བརྒྱས་མགྲོན་བསུ་བྱེད།

བོད་ཆོས་ལྡན་ཞིང་ཁམས་སྐྱིད་ལ་སྐུར།།



 

བོད་ཟས།

 

 

 

ལྷ་བསང་འབུད་ཟས་རྩམ་པ་ཡིན།

བླ་མའི་ཞོགས་ཟས་གསོལ་རྩམ་ཡིན།

སྤྲང་པོའི་་་་་དགུང་ཟས་རྩམ་སྐྱ་ཡིན།

མཐོ་དམན་ཚང་མའི་ལོངས་སྤྱོད་ཡིན།

སྦྲང་དཀར་རྩམ་པ་བོད་ཀྱི་ཟས།

གྲོ་མ་འབྲས་བསིལ་ཐུད་དང་ཞིན།
བག་ཚགས་མར་ཁུ་གོ་རེ་ཉོག
ཤ་ཡི་བག་ལེབ་མོག་མོག་དང་།
དགུ་ཐུག་འབྲས་ཐུག་བག་ཐུག་སོགས།
རྒྱུན་ཟས་རྟེན་འབྲེལ་ཟས་སྣ་མང་།

མི་རྣམས་དགའ་ས་ཟ་མ་སྟེ།

བཟའ་བཏུང་ཡག་པོ་སྨན་གྱི་མཆོག

སླད་མེད་བཅུད་ལྡན་བོད་ཀྱི་ཟས།

ལོངས་སུ་སྤྱོད་ཅིག་སྤུན་ཟླ་ཚོ།

ལུས་ཁམས་བདེ་ཞིང་སེམས་པ་སྐྱིད།



 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php