ལོ་སར་ཚང་མར་ལོ་སྐལ་གཅིག་འབུལ།

 

 

 

ཀ༽

ལོ་གསར་བཟང་། ཡང་ལོ་སར་ཞིག་རེད།

དེང་སང་ང་ལ་ལོ་གསར་མང་། 

བོད་ཀྱི་ལོ་སར། རྒྱ་དཀར་ནག་དང་རྒྱལ་སྤྱིའི་ལོ་སར།

ལོ་གསར་གང་ཡིན་ཡང་ཟླ་ཚེས་ཀྱི་འགོ་འཛུགས་མི་འདྲ་བ་ཙམ་རེད།

ཚང་མ་ཟླ་བ་བཅུ་གཉིས་རེད། 

ཉི་མ་སུམ་བརྒྱ་རེ་ལྔ་རེད།

ལོ་འཁོར་བཅུ་གཉིས་གང་རུང་གཅིག་རེད།

དེས་ན། 

དོན་ངོ་མ་ལོ་སར་དེ་ལ་མི་རིགས་བྱེ་བྲག་པའི་ཁྱད་པར་མི་འདུག

རྒྱལ་ཁབ་མི་འདྲ་བ་ལ་ལོ་སར་དམིགས་བསལ་ཞིག་གཏན་ནས་མི་འདུག

 

ང་ཚོའི་ལོ་སར་གྱི་ཁ་གཡང་ཡང་གཅིག་སྟེ།

ལོ་གསར་བའི་ནང་དུ་ནད་མེད་བདེ་ཐང་ཡོང་བ་དང་།

འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་བ་དེ་མ་ཡིན་ནམ།

 

ཁ༽

ལོ་སར་བཟང་། ཚང་མའི་ལོ་གསར་བཟང། 

ང་ཁ་སང་ཁྱོད་ཚོའི་ལོ་སར་ལ་རོལ།

ཁྱོད་ཀྱང་དེ་རིང་ང་ཚོའི་ལོ་སར་ལ་ཕེབས།

ང་ཚོ་ཚང་མ་འགྲོ་བ་མི་ཡིན། 

ང་ཚོ་ཚང་མ་ཕ་མའི་བྱམས་སྐྱོང་ལས་འཚར་བ་ཡིན།

ང་ཚོ་ཚང་མ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་ཡོད།

ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་སྐྱིད་འདོད་མཁན་རྐྱང་ཡིན།

ང་ཚོ་ཚང་མ་ས་གཞི་འདིའི་ཐོག་ནས་འབྱུང་བ་བཞི་ལ་རྟེན་ནས་འཚོ་དགོས།

དེ་བས། 

ཕྱི་པགས་དང་སྐད་ཡིག་མི་འདྲ་བ་ཙམ་ནི་ང་ཚོའི་བར་ཁྱད་མིན།

མི་རིགས་དང་ཆོས་ལུགས། རྒྱལ་ཁབ་ཅེས་པ་དག་ནི་མིང་ཙམ་ཞིག་ཡིན།

ང་ཚོ་ཚང་མ་གོ་ལ་གཅིག་གི་རྐང་གཉིས་མི་ཡིན། 

སྨྲ་ཤེས་དོན་གོ་ཡིན། བདེ་སྡུག་ཚོར་མཁན་ཡིན།

ང་ཚོ་ལ་འགྲོ་བ་མིའི་རིགས་ཞེས་ཟེར།

 

ག༽

 

ལོ་གསར་བསུ། ཡང་ལོ་སར་ཞིག་སྤྲོ་བས་བསུ།

རྒྱུ་མཚན་ནི། 

བྱིས་པ་ཚོ་འཚར་ལོང་བྱུང་བའི་སྤྲོ་བ།

རྒན་པ་ཚོ་ཚེ་ཐག་རིང་བའི་སྤྲོ་བ།

གཞོན་སྐྱེས་ཚོ་བྱ་བ་གསར་བར་འཇུག་པའི་སྤྲོ་བ།

དར་མ་ཚོར་ལོ་གཅིག་གི་འབྲས་བུ་སྨིན་པའི་སྤྲོ་བ།

རྒན་དར་གཞོན་གསུམ་པོ་ལོ་སར་གྱི་དགའ་སྟོན་ལ་རོལ་བའི་སྤྲོ་བ་ཆེ།

དེ་ལྟར་ལོ་སར་གྱི་སྤྲོ་བ་དེ་དག་ནི་མི་རིགས་ཚང་མར་གཅིག་ཡིན།

དེ་ནི་ང་ཚོ་ཚང་མ་འགྲོ་བ་མི་གཅིག་ཡིན་པས་རེད།

 

དེ་བས་ངས་བོད་ཁ་བ་གངས་ཅན་པའི་ལོ་སར་ལ་རྟེན་འབྲེལ་ཞུ།

ངས་རྒྱ་དཀར་པོ་དང་ནག་པོ། རྒྱལ་སྤྱིའི་ལོ་སར་ལ་ཡང་རྟེན་འབྲེལ་ཞུས་ཡོད།

ངས་མི་རིགས་ཚང་མའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།

མི་ཚང་མ་འདྲ་མཉམ་བྱམས་བརྩེས་འགྲོགས་པའི་སྨོན་འདུན་ཞུ།

མི་ཚང་མས་སྐྱིད་སྡུག་མཉམ་མྱོང་དང་ཕན་སེམས་ཡར་སྐྱེད་ཐུབ་པའི་སྨོན་འདུན་ཞུ།

མི་ཚང་མར་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བའི་སྨོན་འདུན་ཞུ།། 

 

མི་ཡུལ་སྣོད་བཅུད་འདི་ལ་དཔྱིད་དཔལ་གསར་བས་རྣམ་པ་ཀུན་ཏུ་ཁྱབ་གྱུར་ཅིག།

 

 

 

 ལྕགས་ཕོ་བྱི་བའི་ལོ་སར་ལ།

 

 

ངའི་ལོ་སྐལ་སྙན་དངགས་ཡིན།

 

 

 

 

ཀ༽

དེ་རིང་གནམ་ལོ་གསར་ཚེས་ཀྱི་ཉི་ཟེར་དང་འགྲོགས་ཏེ།

ང་རྫུ་འཕྲུལ་གྱི་གླག་རྒོད་ཅིག་ལ་སྤྲུལ་ནས་ཐག་རིང་གི་ཕ་ཡུལ་དུ་འཕུར།

ངའི་ཕ་ཡུལ་ནི་རྒྱང་རིང་གངས་རི་དཀར་པོའི་འདབས་རོལ་ན་ཡོད།

ང་འཕུར་ཐེངས་གཅིག་གིས་རི་རྒྱལ་ཇོ་མོ་གླང་མའི་ཡང་རྩེ་ལ་བབས་ནས། 

ངས་གངས་སེང་དཀར་མོའི་འོ་མས་མཆོད་ཅིག་འཕངས།

གངས་རིའི་སྲུང་མ་ཡོངས་ལ་འཕྲིན་ཞིག་བཅོལ།

གངས་ཅན་སྣོད་བཅུད་ཉམས་ཆག་སེལ་རོགས་ཞུས།

གངས་སེང་གངས་རིར་བསུ་བའི་རེ་བ་ཞུས།

གངས་ལྗོངས་ཆོས་སྲིད་དར་བའི་སྨོན་ལམ་བཏབ།

 

ཁ༽

དེ་རིང་ལོ་གསར་བའི་བསིལ་རླུང་དྭངས་མ་ཞིག་དང་འགྲོགས་ཏེ།

ང་རྫུ་འཕྲུལ་གྱི་ཕུག་རོན་དཀར་པོ་ཞིག་ལ་སྤྲུལ་ནས་ཐག་རིང་གི་བླ་མཁར་དུ་འཕུར།

ངའི་བླ་མཁར་ནི་རྒྱང་རིང་འཕགས་པའི་ཞིང་ཁམས་ཀྱི་རི་རྩེ་ཞིག་ན་ཡོད།

ང་འཕུར་ཐེངས་གཅིག་གིས་ལྷ་རྒྱལ་རོལ་བའི་ཐོང་འོག་ལ་བབས་ནས།

ངས་སྦྲང་དཀར་རྩམ་པས་ལྷ་བསང་ཞིག་ཕུལ།

སྲུང་མ་དམར་ནག་གཉིས་ལ་འཕྲིན་གསོལ་བྱས།

གངས་ལྗོངས་བསྟན་སྲིད་རྒུད་པ་སེལ་རོགས་ཞུས།

གངས་ཅན་མགོན་པོའི་སྲི་ཞུ་གནང་རོགས་ཞུས།

འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་བཏབ།།

 

ག༽

དེ་རིང་ལོ་གསར་བའི་གླུ་སྐད་སྙན་མོ་ཞིག་དང་འགྲོགས་ཏེ།

ང་གཟུགས་མེད་ཀྱི་དྲྭ་ལམ་གར་སྟེགས་འདི་རུ་ཞུགས་ཡོད།

ང་ངའི་སྙན་དངགས་ལ་སྤྲུལ་ཏེ་དབྱངས་ཅན་མའི་དངོས་གྲུབ་ཞུ་རུ་ཡོང་ཡོད།

ངའི་སྙན་དངགས་ནི་དབྱངས་གསལ་སོ་བཞིའི་རྫུ་འཕྲུལ་ཡིན།

ངའི་རྣམ་དཔྱོད་ནི་ངའི་སྙན་དངགས་ཀྱི་སྲོག་ཤིང་ཡིན།

དེ་བས་ང་མེད་ན་ངའི་སྙན་དངགས་མེད་ལ།

ངའི་སྙན་དངགས་མེད་ན་ང་ཡང་ཅི་ལྟར་མཐོང་།

དེ་བས་ངས་དེ་རིང་སྙན་དངགས་ཀྱིས་ལོ་སར་བསུ་གི་ཡོད། 

དེ་བས་ངས་དེ་རིང་ལོ་སྐལ་ལ་སྙན་དངགས་འབུལ་གྱིན་ཡོད།

ལོ་སྐལ་གྱི་སྙན་དངགས་ནི་སུ་ཡང་དགའ་བའི་སྨན་ཆང་ཞིམ་པོ་དེ་ཡིན།

 

སྙན་དངགས་ཀྱི་ལོ་སྐལ་ནི་ནམ་ཡང་རུལ་མི་སྲིད་པའི་མཆོད་པ་མཆོག་དེ་ཡིན།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php