༄།བྱུར་སྡོང་སྐམ་པོ

 

བྱུ་རུ་ལ་རིན་ཐང་མེད

རིན་ཐང་མེད་པའི་ས་རྡོ་ཡིན

བྱུ་རུ་ལ་རིན་ཐང་བྲལ

རིན་ཐང་བྲལ་བའི་རིན་ཆེན་ཏེ

ན་ཆུང་བུ་མོའི་མགྲིན་རྒྱན་དང

ལྷ་སྐུ་བརྗིད་པོའི་ཡང་རྒྱན་ཡིན

ལྟོས་དང། བྱུ་རུ་ས་ཁར་སྐྱེས་བྱུང།

ཚར་དུ་དངར་བའི་བྱུར་སྡོང་ཕྲེང་བ་ཞིག

རྩྭ་ཐང་སྒེག་མོའི་བཞིན་རས་སུ་འཁྱིལ་བྱུང།

ཕྲེང་ཐག་མེད་པའི་རྒྱན་ཕྲེང་འདིར

ཕྲེང་རྡོག་རེ་རེར་གྱུར་བའི་བདག་གི་ཨ་མ་དང་ཨ་ཆེ

ད་དུང་ཕུ་བོ་དང་ནུ་བོ་སོགས

མགོ་འཕང་མཐོན་པོས་བར་སྣང་དུ་འཕྱོ་སྟེ

རང་ཉིད་གང་དུ་སླེབས་པ་དང

རང་ཉིད་སུ་ཞིག་ཡིན་པ་བརྗེད་ཅིང

དུས་རབས་ཀྱི་བར་སྣང་ན་འཕུར་བའི

ལྷ་དང་ལྷ་མོར་རློམ

མི་ལུས་རིན་པོ་ཆེ

བྱུ་རུ་ལས་ལྷག་དོན་ཅི

ཁྱེད་རང་བྱུར་སྡོང་དུ་གྱུར་ན་ཡང།

འཇིག་རྟེན་ལྷ་མོའི་ཞབས་སོར་གཅིག་ལའང་མི་དོ

བྱུར་སྡོང བསྐལ་བ་ནས་ཆགས་པའི་ས་རྡོ

བྱུར་སྡོང རྩྭ་ཐང་ནས་སྐྱེས་པའི་མི་གསོབ

ལོ་རབས་རེ་རེ་རྒོད་པོ་བཞིན་ལྷ་ཡུལ་ལ་གཞོགས་དུས

བྱུར་སྡོང་གིས་མགོ་བོ་དུད་དེ

ས་འོག་ལ་བེམ་གཟུགས་སྦ་བའི་སྦར་འབྲད་བྱེད

འཚོ་བ་ནི་རང་ཉིད་བྱུར་སྡོང་དུ་འགྱུར་རེ་མིན་ལ

བྱུ་རུ་བཞིན་དུ་གཞན་གྱི་བེད་དུ་འགྱུར་རྒྱུའང་ག་ལ་ཡིན

ང་ཚོ་ནི་རྒས་འཁོགས་ཀྱི་བྱུར་སྡོང་སྐམ་པོ་ཞིག་གམ

ཡང་ན བྱུ་རུ་ནི་བྱུར་འདྲེན་སྣ་དགུའི་རུ་འདྲེན་བཞིན།

 

༢༠༠༣།༡།༢

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php