རླུང་དམར་འུར་འུར/མར་མེ་འདར་འདར།

 

ཤར་ཕྱོགས་ནས

གློ་བུར་དུརླུང་དམར་འུར་འུར་དུ་ལྡང

རྩྭ་ཐང་གི་མེ་ཏོག་ཁུར་སོང ས་རྡུལ་གྱིས་ནམ་མཁའ་གཡོགས་བྱུང

དུས་དེ་ནས་བཟུང

རྩྭ་ཐང་གི་དུས་ཚིགས་འགྱུར་སོང

ནམ་ཡང་དགུན་ཁ་ཁོ་ན་ཡིན་པའི་དུས་ཚིགས་རིང་མོར

རི་བོ་ཆུ་བོ་ཡི་བཀྲག་མདངས་ཡལ་སོང

རྟ་ནོར་ལུག་གསུམ་གྱི་གསོན་ཤུགས་ཟད་སོང།

 

རླུང་དམར་འུར་འུར་འདིས

རྩྭ་ཐང་ཆེན་པོ་ཞིག་གཙང་མར་ཕྱགས་རྗེས

གད་སྙིགས་མང་པོ་ཞིག་གང་སར་གཏོར་བྱུང

ད་ལྟ”སྙིགས་མ་ལྔ”བོ་ཡོངས་སུ་ཚང་བ་ནི

དེ་སྔོན་གྱི་རྫོགས་ལྡན་ལྟ་བུའི་ངའི་ཕ་ཡུལ་རེད།

 

ངའི་ཕ་ཡུལ་དེ་འཛམ་གླིང་གི་ཆེས་མཐོ་སར་ཡོད

གནས་མཆོག་དེའི་ངོ་རྟགས་ནི་གངས་རི་དཀར་པོ་ཞིག

གངས་རི་དེའི་ཕོ་བྲང་ན་ཆོས་ཀྱི་གླེགས་བམ་གྲངས་མེད་ཅིག

དེ་རིང དེ་དག་ནི་གནའ་སྔ་མོའི་སྒྲུང་གཏམ་ཙམ་ཞིག་གོ

 

རླུང་དམར་འུར་འུར་དེའི་ནང་དུ

ད་དུང་ཡང་ཤི་མ་གསོན་གྱི་མར་མེ་འགའ

མཚམས་ལན་རེར་འདར་ཡོམ་ངང་འབར་བར་འགྱུར

མར་མེ་དེའི་ངོགས་སུ

གསལ་ལ་མི་གསལ་བའི་མིག་ཟུང་ཉམ་ཐག་ཅིག

མུན་ནག་གི་ནང་དུ་སྐབས་རེར་མངོན་པར་འགྱུར

མིག་ཟུང་དེས་ཅི་ཞིག་མཐོང་འདོད་ཡོད་ན་ཡང

ཅི་ཡང་མཐོང་གི་མེད་པ་འདྲ ཡང་ན་ཅི་ཞིག་ལ་འཇིགས་པ་འདྲ

 

མིག་ཟུང་དེས་མཐོང་ཐུབ་མིན་ནི་མར་མེ་ཁོ་ནར་རག་ལས་ཡོད

མར་མེ་དེ་གསོན་མིན་ནི་རླུང་དམར་འུར་འུར་དེ་མཚམས་འཆད་མིན་ལ་ཐུག

 

དུས་ཚིགས་བཞི་བོའི་རང་མདངས་གསལ་བའི་ངའི་རྩྭ་ཐང་དེ་སླར་གསོན་ནམ

མཚན་མོར་གཟི་མདངས་སྦྱིན་པའི་ས་ཡི་སྐར་ཚོགས་ཏེ་ངའི་མཆོད་མེ་ཁྲི་སྟོང་དེ་སླར་ཡང་འབར་སྲིད་དམ།

 

 

བདེ་བ་ཅན་གྱི་སྒོ་བྱང།

 

“གནམ་བདེ་སྒོ་མོ་ཆེ” བདེ་བ་ཅན་གྱི་སྒོ་བྱང་འདིའི་མདུན་དུ

“རང་དབང་མེད། ཐོབ་ཐང་མེད། དམངས་གཙོ་དགོས།”

སྡུག་བསྔལ་གྱི་སྨྲེ་ངག་དྲག་པོ་འདི་དག་གིས་སྒོ་ཆེན་ཡོམ་ཡོམ་བསྒུལ

ཡིན་ན་ཡང། སྒོ་ཆེན་དེའི་ནང་ནས་ཕྱིར་གྲག་འོང་བ་ནི།

“ཁ་ཚུམ། མིག་ཚུམ། རྡུངས། སོད”“

 

"གང་ན་གཉའ་གནོན་ཡོད་ན། དེ་ན་ངོ་རྒོལ་ཡོད།”

ཉམས་མྱོང་གི་སྡོམ་ཚིག་དེ་ཅི་འདྲ་བདེན་ཨང།

ཡིན་ན་ཡང། མེ་མདའི་འོག་གི་སྙུ་གུས་ཁ་གྲག་དཀའ

སློབ་མ་གྲངས་མེད་ཅིག་གི་རྩ་ཆེ་བའི་ཚེ་སྲོག་དག་སྐད་ཅིག་ལ་འཕུར་སོང

 

མི་ཡུལ་ལ་བདེ་བ་ཅན་གྱི་སྒོ་བྱང་སྟོང་བ་ཞིག་གིས་ཅི་ཞིག་བྱེད།

འདི་ནི་དུར་སའི་སྒོ་མོ་ཆེ་ཞིག་གོ

དུར་ས་འདི་ནས་ངས་མགོ་བོ་དུད་དེ་མྱ་ངན་དང་གུས་འདུད་ཞུ

ངས་སྔར་ལས་ལྷག་པའི་དཔའ་རྒོད་དུང་ཕྱུར་དུ་མས་སྒོ་མོ་འདི་དམྱལ་བར་འཕེན་པའི་སྨོན་འདུན་ཞུ

 

༢༠༡༣།༦།༤ ལ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php