དབྱངས་གསལ་སོ་བཞི།
 
ཀ༽
དབྱངས་ཡིག་བཞི་དང་གསལ་བྱེད་སུམ་ཅུ།
བློན་པོ་ཤེས་རབ་ཅན་ཞིག་གི་རྣམ་དཔྱོད་ལས་འཁྲུངས།
བཙན་པོ་སྒམ་བརླིང་ཅན་ཞིག་གི་བཀའ་ཡིག་ལས་བསྒྲགས།
དུས་དེ་ནས་བཟུང་།
གངས་སེང་གི་ང་རོ་ལ་ལྷ་སྐད་དང་མི་སྐད་འདྲེས།
རྟ་མཆོག་གི་འཚེར་སྐད་ལས་སྙན་དངགས་ཀྱི་རོལ་དབྱངས་བཀྲོལ།
དུས་དེ་ནས་བཟུང་།
རྒྱ་དཀར་ནག་ལ་གསེར་ཡིག་གི་ཕོ་ཉ་བཏང་།
བོད་མགོ་ནག་ལ་ཁྲིམས་ཡིག་གི་བཀའ་ཡིག་བསྒྲགས།
 
ཁ༽
དབྱངས་གསལ་སོ་བཞིའི་འཕྲུལ་ཡིག
བཀའ་བསྟན་གྱི་གླེགས་བམ་གྱིས་གཟུངས་འཇུག་བྱས་ཡོད།
གསོ་རིག་དང་བཟོ་རིག་གིས་རབ་གནས་བྱས་ཡོད།
སྒྲ་རིག་དང་རྩོམ་རིག་གིས་མཛེས་རྒྱན་སྤྲས་ཡོད།
དེ་བས།
སྟོད་རྒྱ་གར་གྱི་སྟོན་པ་འབྱོན་དགོས་མེད།
སྨད་རྒྱ་ནག་གི་བཟོ་བོ་ཕེབས་དགོས་མེད།
ཕྱོགས་རྒྱལ་ཁམས་ཀྱི་ཕྱག་རོགས་འབོད་དགོས་མེད།
ཆོས་རིག་གནས་ཀྱི་བང་མཛོད་བཀང་ནས་ཡོད།
དོན་ལེགས་ཉེས་ཀྱི་ལམ་ཆེན་ཕྱེ་ནས་ཡོད།
རེད་ཨང་་་འདི་དག་ནི།
མེས་པ་གོང་མ་ཚོའི་རིན་ཐང་བྲལ་བའི་ཤུལ་བཞག་ནོར་བུ་རེད།
མི་རབས་གསར་བ་འདིའི་ཁྱིམ་གཞིའི་སྲོག་ཤིང་བླ་མེད་རེད།
ནོར་བུ་རང་ལ་ཡོད་པའི་ནོར་ངོ་ཆོད་དགོས་ཨང་་་
ཀྱེ་ཀྱེ་་་་དབྱངས་གསལ་སོ་བཞིའི་བདག་པོ་ཚོ།
 
ག༽
ཀྱེ་ཀྱེ་་་་འཕྲུལ་ཡིག་སོ་བཞི།
ཁྱོད་དང་ང་ཡི་སྔོན་ལས་བཟང་བས།
ལོ་རྒྱུས་རང་བཞིན་གྱི་གཟི་བརྗིད་ཟིན་ཐོ་བཀོད་ཡོད་ཀྱང་།
ད་ལྟའི་ལས་སྐལ་འདི་སྐྱོ་ཨང་་་
ཁྱོད་དང་འུ་གཉིས་ཀྱི་བསོད་ནམས་ཟད་ཀྱིན་པ་ཡིན་ནམ།
སྙིགས་མའི་དུས་ཀྱི་རང་མདངས་གསལ་བཞིན་པ་ཡིན།
གངས་རི་དཀར་པོ་འདི་སྤྲིན་པ་དམར་ནག་གིས་བཏུམ་པས་ཡིན་ནམ།
འཕྲུལ་ཆས་དུས་རབས་ཀྱི་ཆོ་འཕྲུལ་སྟོན་བཞིན་པས་ཡིན།
ཡང་ན་་་
མི་རབས་གསར་བས་ཕ་ཤུལ་བུ་འཛིན་མ་འཁྱོངས་པས་ཡིན་ནམ།
དུས་རབས་གསར་བའི་མདུན་སྐྱོད་དང་དཔུང་གདང་སྦྲེལ་མ་ཐུབ་པས་ཡིན།
གང་ལྟར།
འུ་གཉི་གས་རླུང་རྟ་ཡར་བསྐྱེད་ཀྱི་དར་ལྕོག་གསར་བ་ཞིག་འཛུགས་རན་སོང་།
རང་གཞན་རིག་གནས་ཀྱི་གཤོག་ཟུང་ཞིག་རྐྱོང་དགོས་སོང་།
དེ་བས་ན་་་་
བོད་མི་རིགས་ཀྱི་གཟུངས་གཞུག  དབྱངས་གསལ་སོ་བཞི།
གཟུངས་གཞུག་འདི་ཉིད་ཀྱི་བདག་པོ་འུ་ཅག་ཁ་བ་རི་བ་ཚོ་ཡིན་པས།
ད་ནི ཆེ་ཆུང་རྒན་གཞོན་མེད་པར
མཐོ་དམའ་དྲག་ཞན་མེད་པར
ཚང་མས་ལག་གཡས་པས་སྙུ་གུ་ཐོགས་ཤོ
ལག་གཡོན་པས་དཔེ་དེབ་ཟུངས་ཤོག
ང་ཚོས་དབྱངས་གསལ་སོ་བཞི་གདན་དུ་བཏིང་ནས་ཁྱིམ་གཞི་བཅའ།
ང་ཚོས་དབྱངས་གསལ་སོ་བཞི་མཁའ་ལ་གཏོར་ནས་འོད་ཟེར་འགྱེད།
ཀྱེ་ཀྱེ་་་་དབྱངས་གསལ་སོ་བཞིའི་བདག་པོ་ཚོ། 
གལ་ཏེ། དབྱངས་གསལ་སོ་བཞིའི་མཐུ་རྩལ་ངོམ་མ་ཐུབ་ཚེ།
མི་རིགས་ཀྱི་རྩོམ་རིག་ཟེར་བ་ཞིག་མེད་ལ
སྲོལ་རྒྱུན་གྱི་རིག་གནས་དང་སློབ་གསོ་ཟེར་བ་ཞིག་ཀྱང་གནས་མི་སྲིད།
ཐ་ན་མགོ་ནག་རྩམ་གཟན་ཟེར་བ་ཞིག་ཀྱང་ཇི་ལྟར་འཚོ་སྲིད།
དེ་བས 
དབྱངས་གསལ་སོ་བཞི་ནི་འུ་ཚོའི་ཡོད་ཚད་ཀྱི་ཡོད་ཚད་མིན་ནམ།
ཀྱེ་ཀྱེ དབྱངས་གསལ་གྱི་བདག་པོ་ཚོ 
 
༢༠༡༩་༠༢་༡༨

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php