༄།ཧི་མ་ལ་ཡ་མཐོ་ཡང་འགོག་ཐབས་བྲལ།

 

 

 


རྒྱ་གར་མེས་པོའི་ལྷ་མཆོག་དབང་ཕྱུག་ཆེ།
བོད་ཀྱི་གངས་དཀར་ཏི་སེར་སྒོམ་ལ་བཞུགས།
འོན་ཀྱང་བྱིན་རླབས་དངོས་གྲུབ་བདུད་རྩིའི་ཆབ།
ཆུ་མོ་གང་གཱ་ཧིན་རྡུའི་རྒྱ་མཚོར་ཞུགས།
ཧི་མ་ལ་ཡའི་བར་གྱང་ཆེན་པོ་ཡིས།
ཧིན་བོད་ས་མཚམས་སྔར་ནས་ཕྱེས་ན་ཡང༌།
ཡབ་མེས་ལྷ་ཡི་གཉེན་འབྲེལ་གཅིག་ཏུ་འདྲེས།

སྟོན་པ་བླ་མེད་ཤཱཀྱ་སེང་གེ་མཆོག
རྡོ་རྗེ་གདན་དུ་སངས་རྒྱས་གོ་འཕང་བརྙེས།
འོན་ཀྱང་གསུང་རབ་དམ་ཆོས་བདུད་རྩིའི་རྒྱུན།
བོད་ཡུལ་གངས་ཀྱི་རི་བོའི་སུལ་དུ་འཁྱིལ།
ཧི་མ་ལ་ཡའི་རི་རྒྱུད་ཆེན་པོ་ཡིས།
མི་རིགས་གཉིས་ཀྱི་གདོང་པ་བསྒྲིབས་ན་ཡང༌།
ལྷ་ཆོས་རིག་གཞུང་འབྲེལ་བ་གནའ་ནས་ཟབ།

རྒྱ་གར་མེས་པོ་བོད་ཀྱི་སློབ་དཔོན་དང༌།
བོད་ཀྱི་བླ་མ་ཁྱོད་ཀྱི་དགེ་ཕྲུག་སྟེ།
གནའ་དུས་མི་ཚེའི་ལམ་སྟོན་ཁྱོད་ལས་ཐོབ།
ཧི་མ་ལ་ཡའི་རི་རྩེ་མཐོ་ན་ཡང༌།
དགེ་རྒན་དགེ་ཕྲུག་འཕུར་རྩལ་རྒོད་ལས་ལྷག

དེང་སང་བོད་རྣམས་སྐྱབས་གནས་ཁྱོད་ལ་བཅོལ།
འཚོ་གནས་སྲིད་ཀྱི་ལམ་སྟོན་ཡང་ཁྱོད་ལ་རེ།
ཧི་མ་ལ་ཡ་སྔར་ལས་མཐོ་ན་ཡང༌།
མཛའ་བརྩེའི་ཆུ་བོ་དབྱེར་མེད་ལྷན་བསྡེབས་ཀྱིས།
ཞི་བདེ་རྒྱ་མཚོ་ཆེན་པོར་མཉམ་དུ་བཞུར།

གནའ་ནས་ད་བར་ཁྱོད་ལ་བསྟེན་པ་ཡི།
དྲིན་འདི་བསམས་ན་འཇལ་ཐབས་མ་མཆིས་མོད།
ཁྱོད་ལས་ཐོབ་པའི་ཆོས་རྣམས་མ་ལུས་པ།
མ་བརླགས་སླར་ཡང་ཁྱོད་བཅས་འཛམ་གླིང་འདིར།
སྦྱིན་པར་ནུས་པའི་ཚུལ་འདིས་དགའ་སྤོབས་སྐྱེས།
ཧི་མ་ལ་ཡ་སྔར་ལས་ཇེ་མཐོ་དང༌།
ཧིན་བོད་མཛའ་མཐུན་སྔར་ལས་རྒྱས་པར་སྨོན། །


    གོང་གི་སྙན་ཚིག་འདི་གཉིས། དྷ་ས་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་ཧི་མ་ཅལ་མི་དམངས་ཀྱིས། ྋགོང་ས་མཆོག་མི་ལོ་བཞི་བཅུར་འདིར་བཞུགས་པ་དང༌། སྤྱིར་འགྲོ་བ་ཡོངས་ལ་ཞི་བདེ་དང༌། ལྷག་པར་བོད་ཀྱི་བདག་དབང་འཚེ་མེད་ཞི་བའི་ལམ་ནས་བརྩོན་ལེན་གནང་བ་ལ་དམིགས་བསལ་དགའ་བསུ་དང་རྒྱབ་སྐྱོར་གནང་བའི་མཛད་སྒོ་ཆེན་མོ་བསུ་བར་སྦྱར་བའོ། ། ༢༠༠༠།༤།༢༩།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php