༄༅། །ཉེ་རབས་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་དང་ཕན་ནུས་རགས་ཙམ་གླེང་བ།
འདིར་ཐོག་མར་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡོད་པ་ནི། ཉེ་རབས་ཞེས་པའི་དུས་ཚུགས་ཀྱི་མཚམས་དེ་གང་ནས་གང་བར་ཡིན་པའི་ངོས་འཛིན་སྟངས་དེ་རེད། ངས་བལྟས་ན་དུས་རབས་བཅུ་གསུམ་པའི་ནང་ས་པཎ་སྐབས་ནས་
༼༡༡༨༢་ནས་༡༢༥༡༽དུས་རབས་ཉི་ཤུ་བའི་དུས་དཀྱིལ་བར་ལ་ངོས་བཟུང་ན་འཚམ་པར་འདོད།
རྒྱུ་མཚན་ནི་ས་པཎ་གྱིས་དེ་དུས་ཐོག་མར་རྒྱ་གར་བའི་རྩོམ་རིག་ནང་འདྲེན་བྱས་པ་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་བར་ལ་བོད་ཀྱི་སྤྱི་ཚོགས་ལ་གཡོ་འགུལ་ཆེན་པོ་བྱུང་མེད་ལ་ལྷག་པར་རྩོམ་རིག་གི་ཆ་ནས་་འགྱུར་བ་ཆེན་པོ་བྱུང་མེད་པ་གསལ་བོ་རེད།
༡། ས་པཎ་གྱིས་སྔ་ཕྱིར<<མཁས་པ་འཇུག་པའི་སྒོ>>དང༌། <<ཚིག་གི་གཏེར>>
<<སྡེབ་སྦྱོར་མེ་ཏོག་ཆུན་པོ>>བཅས་མཛད་པ་ནས་བོད་ལ་སྙན་ངག་གི་རྩོམ་འབྲིའི་ཤེས་བྱ་གསར་བ་ཞིག་གི་ལམ་སྟོན་ཐོག་མར་བྱུང་བ་མ་ཟད།
ད་དུང<<ལེགས་བཤད་རིན་པོ་ཆེའི་གཏེར>>བརྩམས་པས་རྒྱ་གར་བའི་ཚིགས་བཅད་ལེགས་བཤད་འབྲི་སྲོལ་ཡང་རིམ་གྱིས་དར་རྒྱས་བྱུང༌།
ལྷག་པར་རྩོམ་སྲོལ་ཙམ་མིན་པར་གཙོ་བོ་ཆོས་དང་སྲིད་ལུགས་གཉི་གའི་མི་ཚེའི་འགྲོ་ལུགས་ལ་ལེགས་ཉེས་བླང་དོར་གྱི་ལམ་སྟོན་ཡང་དག་གནང་བས།
མཁས་པ་མང་པོས་ལེགས་བཤད་འདི་ཉིད་བློ་འཛིན་གྱིས་རང་གི་ཉམས་ལེན་དང་མང་ཚོགས་ལ་བསླབ་བྱ་རྒྱག་བྱེད་དུ་ལུང་འདྲེན་མང་པོ་བྱས་པས་ད་ལྟ་དམངས་ཁྲོད་དུ་གཏམ་དཔེ་ལྟ་བུར་གྱུར།
༢། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས༵༵སྙན་ངག་མེ་ལོང་མཀཀ ཆ་ཚང་བསྒྱུར་བ་དེས་ལྷག་པར་མཁས་པ་ཚོས་རྣམ་ཐར་དང་རྟོགས་བརྗོད། བསྔགས་པ་སོགས་སྙན་དངགས་གསར་རྩོམ་གྱི་སྲོལ་བཟང་ཞིག་བཏོད།
༣། ཀུན་མཁྱེན་ཀློང་ཆེན་པ་དང༌། རྗེ་ཙོང་ཁ་པ་ཡབ་སྲས་བཅས་ནི་སྐབས་དེའི་བོད་ཀྱི་སྙན་དངགས་སྨྲ་བའི་ཁྱུ་མཆོག་ཏུ་བསྔགས་འོས།
༤། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རིང་ཡང་སྐབས་དེ་ཙམ་ཞིག་ནས་དར་རྒྱས་བྱུང་བར་མངོན། འདི་ནི་དམངས་ཁྲོད་ཀྱི་རྩོམ་རིགས་ཡོད་ཚད་ཀྱི་རྒྱལ་པོ་ཡིན་ལ།
བོད་མི་རིགས་ཀྱི་ཆེས་དགའ་སའི་དཔའ་བོའི་ལོ་རྒྱུས་རིང་མོ་དེ་ཡང་ཡིན། འདིའི་ནང་དུ་བོད་ཀྱི་གཏམ་དཔེ་དང༌། ཤགས་རྒྱག བཤད་པ་སོགས་རྩོམ་རིགས་ཀྱི་གྲུབ་ཆ་མང་ལ། ཚིགས་བཅད་ལྷུག་དང་དབྱངས་ཀྱི་འདེགས་འཇོག
ཚིག་གི་སྡེབ་ལུགས་བཅས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། འཆར་ཡན་དང་ཕུགས་འདུན་ཅན་གྱི་ཁྱད་ཆོས་ཉིས་ལྡན་གྱི་མཚོན་ཐབས་བཅས་ལྡན་ཁར། ནང་དོན་གྱི་ཆ་ནས། བོད་ཀྱི་དམག་འཐབ་དང༌། ཆོས་ལུགས། བཟའ་བཏུང༌། གོས་རྒྱན།
འཚོ་བའི་ལུགས་སྲོལ་འདྲ་མིན་དང༌། ཆགས་སྡང་གི་བསམ་བློ། མཛེས་དཔྱོད་ཀྱི་ཕུགས་འདུན་ཟབ་མོ་སོགས་མདོར་ན་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་མཚོན་པ་ཞིག་རེད། སྒྲུང་འདིས་ལ་ལར་དཔའ་བོའི་ངར་ཤུགས་སློང་བ་དང༌།
ལ་ལར་སྐྱོ་སྣང་བསྐྱེད་པ། ལ་ལར་ཞི་བདེའི་སྨོན་འདུན་སྐྱེ་འཇུག་པ་མ་ཟད། དམིགས་བསལ་གྱི་ནུས་པ་གཞན་ཞིག་ནི་ཁ་བ་གངས་ཅན་མགོ་ནག་རྩམ་གཟན་ཚང་མ་ལ་རིགས་རྒྱུད་གཅིག་པ། རྒྱལ་ཁམས་གཅིག་པ།
འཚོ་འདུན་གཅིག་པ་བཅས་ཀྱི་མི་རིགས་རིང་ལུགས་ཀྱི་རྒྱལ་གཅེས་བསམ་བློ་ཞིག་ངང་གིས་སྐྱེ་འཇུག་པ་འདིའོ།
༥། དེ་རྗེས་དགའ་ལྡན་ཕོ་བྲང་བའི་སྐབས་སུ། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས། དོན་བརྗོད་སྙན་དངགས་རིང་མོ<<གཞོན་ནུ་ཟླ་མེད>> དང༌། ལྷག་པར་དངོས་འབྲིའི་སྙན་རྩོམ་རིང་མོ<<མི་དབང་རྟོགས་བརྗོད>>བརྩམས་པ་དེས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་གསར་བ་ཞིག་ཏུ་བསྐྱོད་པའི་སྒོ་ཕྱེས།
༦། སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས<<བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད>>བརྩམས་པས། དམངས་ཁྲོད་ལ་སླར་ཡང་རྩོམ་རིག་གི་ཁུ་བྱུག་ཅིག་བྱུང་བ་རེད།
ཁུ་ལོ་འདིས་གསུང་སྐད་ཀྱིས་མི་སེམས་ལ་གཡོ་འགུལ་ངེས་ཅན་ཞིག་ཐེབས་སུ་བཅུག་ཡོད། གྲོགས་བཟང་ངན་དང༌། ལས་རྒྱུ་འབྲས།
ཚེ་འདི་ཕྱི་བཅས་ཀྱི་སྣང་བརྙན་གསོན་པོ་ཞིག་བསྐྲུན་པས་མི་རྣམས་ལ་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་མི་དམན་པ་བཞག་ཡོད།
༧། <<བྱ་སྤྲེལ་གཏམ་རྒྱུད>>དེ་ཡང་གཏམ་དཔེ་མངས་པ་ཚིག་སྡེབ་བཟང་བ། གོ་སླ་བ། གནས་ལུགས་ལྡན་པ། བྱུང་རིམ་འཚམས་པ། ནང་དོན་ཟབ་རྒྱ་ཆེ་བ།
མཚོན་ཐབས་བསྡུས་བརྗོད་དང་རབ་རྟོག་མཚར་བ་བཅས་ཀྱིས་ཀློག་མཁན་དང་ཉན་མཁན་མང་པོར་བག་ཆགས་མི་དམན་པ་བཞག་ཡོད་ངེས།
༨། <ལྷ་ས་དྲན་གླུ>དང༌། <ཆུང་གྲོགས་རྗེས་དྲན>སོགས་དངོས་འབྲིའི་ཡིད་འགྱུར་ཟབ་མཚོན་གྱི་དུང་བརྗོད་སྙན་དངགས་མང་པོ་བྱུང་བ་དག་གིས་ཀློག་མཁན་མང་པོར་དགའ་སྐྱོའི་སྣང་བ་ཙམ་དུ་མ་ཟད།
མི་ཚེའི་དོན་སྙིང་ཐད་ལ་བསམ་གཞིགས་ཀྱི་རི་མོ་ཡང་ཕབ་ཡོད།
དེ་ལྟར་རིམ་པས་སྙན་ངག་པ་དང་སྙན་རྩོམ་གྲངས་མངས་ལ་སྤུས་དག་པ་བྱུང་བ་འདི་ཡང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ཇེ་ལེགས་སུ་སོང་བ་ཅི་ལ་མིན། །
།མེས་པོའི་བློ་ཡིས་གསར་གཏོད་ཡི་གེའི་འཕྲུལ།
།མཁས་པས་ཡང་དག་བསྒྱུར་ཅིང་རྩོམ་པའི་བཅུད།
།རྗེས་འཇུག་བྱིས་པ་བདེ་བླག་འཚར་བྱེད་དེ།
།རང་ངོ་འཕྲོད་ན་རང་རིགས་འཕེལ་བའི་སྨན། །
(རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་གི་བོད་རིགས་སློབ་མའི་ཟབ་སྦྱོང་ཐེངས་གཉིས་པའི་ཐོག་གི་གཏམ་བཤད་ས་བོན་ཞིག)