མི་རིགས་ཤིག་གི་སྐྱོ་ངལ་དང་རེ་ལྟོས་མཚོན་པའི་མེ་ཏོག་གངས་ལྷ་རྐང་གཅིག

 

(<ཨ་ཁུ་པད་མ>ཞེས་པའི་སྙན་དངགས་ཀྱི་འགྲེལ

 

 

 

 

          ལྷ་ཆོས་ཀྱི་བག་ཆགས་ཀྱིས་གྲུབ་པའི་ལྷད་མེད་དང་བསླད་མིན་གྱི་ལྷན་སྐྱེས་དམ་པའི་གཤིས་བཟང་གི་སྐུ་ན་གཞོན་པའི་ྋརྒྱལ་སྲས་སེམས་དཔའ་གང་གིས། རྒྱ་དམར་པོའི་བཙན་འཛུལ་བརྙས་བཅོས་མ་བཟོད་པར་བསྟན་འགྲོ་སྤྱི་དང་སྒོས་སུ་རང་གི་མི་རིགས་ཀྱི་མ་འོངས་ལས་སྐལ་ཐུགས་ལ་དགོངས་ཏེ། གསང་ཡིབ་ཀྱིས་ཉེན་ཁ་ཆེ་བའི་གངས་རི་དང་གངས་རིའི་འགག་འཕྲང་སྐུ་ངལ་ཆེན་པོས་ཤུགས་ཀྱིས་བརྟོལ་ཅིང་བོད་ཧིན་གྱི་རྒྱལ་མཚམས་བརྒལ་ནས། རྒྱ་གར་ཚ་བའི་ཡུལ་འདིར་ཕྱིའི་ཚ་གདུགས་དང། ཆར་རླུང་དྲག་པོ། ལྷག་པར་དེའི་ཤུགས་བསྟན་གྱི་དཀའ་ངལ་དང་ཉོག་འཛིང་ཆེ་བའི་སྤྱི་ཚོགས་ཁོར་ཡུག་གསར་བར་མ་གོམས་ཤིང༌། སློང་མོ་དང་བཟོད་བསྲན་སོགས་འཚོ་བའི་དཀའ་ངལ་དུ་མའི་ཁྲོད་ན་འཁྱམ་བཞིན་པའི་བོད་མི་བཙན་བྱོལ་བ་འབུམ་ཕྲག་གཅིག་ལྷག་གི་བཟའ་བཏུང་འགྲོ་འདུག་ཚུན་ཆད་ནས་བསླབ་བྱ་གནང་སྟེ། གནས་སྐབས་ཀྱི་འཚོ་གནས་དང་མ་འོངས་པའི་ལས་སྐལ་ལ་སྨན་པའི་ཐབས་མཁས་ཐུགས་རྗེ་ཆེན་པོས་ཡོད་ཚད་བདག་གི་སྐྱོང་རྫི་བོ་ཁ་མི་ཚང་བའི་ནོར་གནག་ཁྱུ་འདི་བདག་སྐྱོང་མཛད་དུས། འབྲོག་ས་གསར་བར་སྤོས་པའི་ང་ཚོའི་ཕ་ཡུལ་གྱི་མཚེར་ཤུལ་རྙིང་པའི་ཐབ་ཀའི་གོ་འགྲམ་ན་ལུས་པའི་བགྲེས་སོང་གི་ཕ་མ་ཨ་མྱེས་མི་རབས་རྒན་པ་རྣམས་ཀྱིས། བཙན་འཛུལ་བའི་མནར་གཅོད་འོག་ངལ་བ་བརྒྱ་ཕྲག་གིས་འུག་སྡེར་ལྟར་གས་པའི་ལག་གཉིས་སྙིང་གར་ཐལ་མོ་སྦྱོར་གྱིན། རྒྱང་རིང་བྱེས་སུ་ཕེབས་པའི་རང་གི་ཁྱིམ་བདག་ཨ་ཁུ་པད་མ་ཡེ་ྋརྒྱལ་བ་རིན་པོ་ཆེ་ཞེས་རེ་འབོད་གསོལ་བ་འདེབས་ཤིང༌། ཁོང་མེད་ན་གངས་རིའི་ཁྱིམ་གཞིས་དང་ཡིད་སེམས་ལྷན་དུ་སྟོངས་པའམ་མགོན་མེད་སྐྱབས་མེད་དུ་གྱུར་པ་གཞི་ནས་ཤེས་ཤིང་ད་གཟོད་སྐྱོ་སྡུག་གི་གཞས་ཆུང་བླངས།

 

          ཨ་ཁུ་པད་མ་དང་འཁོར་འབངས་ཡུལ་གྱར་བ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཕ་ས་དང་ཕ་མར་བྲལ་བའི་གདུང་བ་ལྕི་མོའི་ཁུར་ཆེན་ཁུར་ཅིང་མི་ཡུལ་གྱི་དཀའ་སྡུག་དུ་མའི་མནར་གཅོད་ཡོད་ཚད་སྔོན་བསགས་ལས་དབང་བཙན་པོ་གང་གི་ཉེས་ཁྲིམས་བཅད་པའི་རང་གནོང་དུ་བསྒོམས་ནས། མ་ཁར་སོ་བཏབ་ཀྱི་ཨམ་གཙིགས་ཀྱིས་བཟོད་བསྲན་དང་ཨུ་ཚུགས་ཀྱིས་ཤུགས་ཀྱིས་ལངས་ཏེ། འཇིག་རྟེན་ཁམས་འདིའི་གྲུ་ཁུག་སོ་སོར་འཁྱམས་ནས་རང་གི་སེམས་ཁོང་གི་སྡུག་བསྔལ་ཏེ། བོད་མི་རིགས་ཀྱི་ཡ་ང་བའི་དུས་ཀྱི་ཆག་སྒོ་ཡོད་ཚད་བདེན་པའི་ཡུས་ཀྱིས་བསྒྲགས།

          སྐབས་འདིར་སླར་ཡང་འཛམ་གླིང་ལུང་ཁུག་ནག་པོ་སྔོན་མའི་མཚེར་ས་དེ་ན། ཕ་མེས་དག་གི་ཕང་བ་ནས་གསར་དུ་འཚར་བའི་གཅེས་ཕྲུག་མ ༼བོད་ནང་གི་མི་རབས་གསར་བཞིག་གིས།༽ སླར་ཡང༌། སྲིད་དོན་དང༌། རིག་གཞུང༌། དཔལ་འབྱོར་བཅས་ཀྱི་བཙན་འཛུལ་དྲག་པོས་བརྙས་དམོད་དང་དུ་བླངས་ཤིང་རྒྱ་ནག་མི་རིགས་རིང་ལུགས་ཆེན་པོས་མཐོང་ཆུང་འོག་ན་ཉམ་ཐག་དང་སྐྱོ་ངལ་གྱི་སྐད་ངག་གཉོམ་པོས། ཡང་བསྐྱར། ཨ་ཁུ་པད་མ་ཡེ་ཞེས་པའི་ཕ་མེས་ནས་བརྒྱུད་པའི་གསོལ་འདེབས་དང་རེ་སྤོབས་ཀྱི་སྐྱོ་གཞས་གཏོང་བར་བྲེལ། ཁོང་མེད་ན་ཁོ་ཚོའང་ཕ་མེས་ཚོ་དང་འདྲ་བར་ཡུལ་སེམས་གཉིས་སྟོངས་སུ་གྱུར་པ་ཅིས་མིན།

 

          གཞིས་ལུས་མི་དམངས་ཀྱི་སྡུག་གླུའམ་སྐྱབས་འཇུག་གི་གདངས་དབྱངས་སྐྱོ་བོའི་གཞས་ཆུང་དེ། ད་ཆ་དྷ་རམ་ས་ལའི་རྡོ་ལ་དར་གྱི་རི་རྩེ་ནས་འཕུར་ཏེ། ཕྱིར་འཁོར་ནས་སའི་གོ་ལའི་ཡང་སྟེང་གི་མཐོ་སྒང་རི་ལུང་དུ་འབབ་དུས། གཞིས་བྱེས་བོད་མི་ཡོངས་ཀྱི་པ་སངས་ལས་དཀར་བའི་དད་གུས་དང་དུངས་སེམས་ལྷད་མེད་གཞི་གཅིག་ཏུ་འདྲེས་ནས། སླར་ཡང་བོད་ཀྱི་བདག་དབང་བསྐྱར་གསོའི་ལས་སྐལ་ལ་དམིགས་པའི་རྒྱལ་གཅེས་དཔའ་བོའི་ཐང་དཀར་རྒོད་པོ་དང་ལྷན་དུ་འབྱུང་འགྱུར་གྱི་ཞི་བདེ་དང་རང་དབང་གི་འཚོ་ལམ་གསར་བ་ཞིག་བསུ་བའི་རྒྱང་ཐག་རིང་བའི་རྒྱང་སྐྱོད་ཀྱི་ལམ་དུ་ཆས་སོ།

 

          མདོར་ན། སྔོན་ནས་ད་བར་གྱི་གཞིས་བྱེས་བོད་མི་ཚོའི་སྐྱོ་སྡུག་གི་ན་བུན་འཐིབས་པའི་རབ་རིབ་ཀྱི་འཚོ་ལམ་རིང་མོ་ན། ྋགོང་ས་ཡིད་བཞིན་ནོར་བུས་དབུ་ཁྲིད་དང་མགོན་སྐྱབས་ལ་རེ་ལྟོས་བྱེད་པ་མཚོན་ཞིང༌། མཚོན་ཐབས་ཀྱང་རྫི་བོ་དང་སྒོ་ཕྱུགས་ཀྱི་ཚུལ་དུ་དང༌། གཞིས་གསར་དང་མཚེར་ཤུལ་གྱི་དཔེ། བགྲེས་སོང་གི་ཕ་མེས་དང་གསར་སྐྱེས་ཀྱི་ན་ཆུང་མ། དེ་དག་གི་སྐྱོ་སྡུག་འཚོ་གནས་དང༌། དད་མོས་རེ་ལྟོས་སོགས་ཨ་ལོང་ལ་ཡང་ལོང་བརྒྱུས་པའི་ཚུལ་དུཚིག་ཉུང་དོན་འདུས་ལ། དོན་མཚོན་གྱི་ནུས་པ་དང་འཆར་རྟོག་གི་གཟུགས་སྣང་བསྐྱེད་པས་ཡིད་ལ་སྙན་རོ་དང་མིག་ལ་སྣང་བརྙན་བསྐྲུན།

གཞན་ཡང༌། སྙན་ཚིག་གི་བང་རིམ་དུས་རིམ་ལྟར་བསྒྲིགས་ཤིང༌། ཚན་པ་དང་པོ་དང་གཉིས་པ་འགྲོས་མཚུངས་ལ། མཇུག་ཏུ་ཨ་ཁུ་པད་མའི་གླུ་སྒྲ་དབྱངས་སུ་འཕུར་བཅུག་པས་ལྷག་པར་རེ་སྨོན་དང་ཡིད་ཆེས་སྤོབས་སེམས་བསྐྱེད་པ་སོགས་སྒྲིག་བཀོད་ཀྱང་ལེགས་ཚོད་དུ་སྣང་བ་བཅས་བོད་མི་རིགས་ལ་ཕུལ་བའི་དགུ་ཆུའི་ལང་ཚོའི་སེམས་ཁོང་གི་མེ་ཏོག་གངས་ལྷ་རྐང་གཅིག་གོ

 

 ཨ་ཁུ་པད་མ་ཞེས་པ་འདི་གངས་ལྷ་མེ་ཏོག་འདོན་ཐེངས་དང་པོའི་ནང་བཀོད་པའི་འཇམ་དབྱངས་སམ་དགུ་ཆུའི་ལང་ཚོའི་སྙན་དངགས་ཤིག་ཡིན། བདག་གིས་ད་སྔ་སྙན་དངགས་འདི་འཛིན་གྲྭ་རེ་གཉིས་ནང་དུའང་གླེང་མྱོང༌། ང་ཚོས་འདི་ལྟར་གླེང་རིན་ཡོད་པ་རྣམས་ངེས་པར་དུ་གླེང་དགོས་ལ། སུན་འབྱིན་དགོས་པ་དག་ལའང་ངེས་པར་མཚང་འབྱིན་དགོས། འོན་ཀྱང་བརྩམས་ཆོས་ཁོ་ནའི་རིན་ཐང་ལས་རྩོམ་མཁན་ལ་ཟུར་ཟ་བྱེད་མི་འོས། འདི་ལྟར་ང་ཚོས་དུས་རབས་ཀྱི་སྙན་ངག་གི་ཁ་ཕྱོགས་འཚོལ་ཅིང་སྙེག་གོ །

 

         ༼ འདི་ལྷན་ཨ་ཁུ་པད་མ་ཅུང་ཟད་བཅོས་བསྒྲིགས་ཀྱིས་བཀོད་ཡོད་པ་ནི། ཐོག་མའི་རྣམ་པ་ལྟར་ན་ཨ་ཁུ་པད་མ་དང་པོ་ལེན་ས་གཞིས་དང་གཉིས་པ་ལེན་ས་བྱེས་ཀྱི་ཚུལ་དུ་ཡོད་པ་ལེགས་བཅོས་ཀྱི་ཚུལ་དུའོ།༽

 

 

དཔྱད་གཞིའི་སྙན་ཚིག

 

ཨ་ཁུ་པད་མ།

 

 

གཤིས་བཟང་གི་གཞོན་ནུ་ཞིག་གིས།

གངས་རིའི་འགག་འཕྲང་བཙན་གྱིས་གཤགས་ཏེ།

ཚ་གདུགས་དང་ཆར་རླུང་གི་ཁྲོད་ན།

ཁ་མི་ཚང་བའི་སྲོག་ཆགས་འབུམ་ཕྲག་གི་རྫི་བོ་མཛད་དུས།

མཚེར་སའི་གོ་ཁ་ན་ལྷག་པའི་བགྲེས་སོང༌།

འུག་པའི་སྡེར་མོ་ལྟར་གས་པའི་ལག་གཉིས་སྙིང་གར་ཟུམ་སྟེ།

ཨ་ཁུ་པད་མ་ཡེ———

ཁྱོད་མེད་ན་སེམས་པ་སྟོང་པ་རེད།

རྫི་བོ་དེས་ཀྱང༌།

བྲལ་གདུང་དང་མནར་གཅོད་ཡོད་ཚད་ལས་དབང་དུ་སྒོམ་ནས།

ཨམ་གཙིགས་བསྡམས་ཤིང་ཨུ་ཚུགས་ཀྱིས་ལངས་ཏེ།

འཇིག་རྟེན་ཁམས་ན་སྡུག་ཡུས་བགྲང་དུས།

སླར་ཡང་འཛམ་གླིང་གི་གྲུ་ཟུར་ཆུང་ཆུང་ཞིག་ན།

སུ་ཞིག་གི་པང་ཁ་ནས་འཚར་བའི་གཅེས་ཕྲུག་མ་ཞིག་གི

མཐོང་ཆུང་དང་བརྙས་དམོད་ཁུར་བའི་སྐད་ངག་གཉོམ་པོ།

ཨ་ཁུ་པད་མ་ཡེ———

ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད།

 

དེ་རིང་གླུ་ངག་དེ་དྷ་སའི་རི་རྩེ་ནས་འཕུར་ཏེ།

སའི་གོ་ལའི་ཡང་རྩེ་ལ་བབས་དུས།

པ་སངས་ལས་དཀར་བའི་དུང་སེམས་ལྷད་མེད།

ཐང་དཀར་རྒོད་པོ་ལྷན་དུ།

རྒྱང་ནས་རྒྱང་དུ་བཞུད།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php