༄༅།།<<མི་ཚེའི་བྲོ་བ་མངར་སྐྱུར>>མྱངས་པའི་མངར་སྐྱུར་བྲོ་བ།

 

 

          འདིར་བོད་ཀྱི་དུས་བབ་གསར་ཁང་གི་རེ་སྐུལ་དང་ལེན་གྱིས་སྐུ་ཞབས་པད་མ་ཚེ་དབང་ལགས་ཀྱི་བརྩམས་བསྒྲུངས་ཀྱི་མི་ཚེའི་བྲོ་བ་མངར་སྐྱུར་ཞེས་པ་ཤར་ཀློག་ཙམ་བྱས་པའི་བསམ་ཚུལ་འགའ་ཞིག་རྩོམ་པ་པོ་ཁོང་ལ་ཕན་སེམས་ཀྱིས་གླེང་འདོད་བྱུངཡང ཁོང་གིས། ཕྲག་དོག་ཅན་གྱིས་དམའ་འབེབས་བྱས་ཀྱང་སྙིང་ལ་གནོད་པའི་ཀུན་སློང་མེད། ཅེས་གསུངས་ཡོད་པས་ན་འཛེམ་འཛེམ་འདྲ་བོ་རེ་བྱེད་དགོས་མོད། གང་ལྟར་རྩོམ་རིག་བརྩམས་ཆོས་ལ་དཔྱད་པ་སྤེལ་བ་འདི་རྩོམ་པ་པོ་གང་ཟག་གང་ཞིག་གི་མི་གཤིས་སྐྱོན་ཡོན་གྱི་ཚད་འཇལ་བ་མིན་ལ། ཕྲག་དོག་གི་ཀུན་སློང་གིས་ཀྱང་མིན་ན། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ཅེས་པའི་ཁ་དཔེ་འདི་ཐོག་མ་ཉིད་ནས་རྩོམ་པ་པོ་གཙོས་ཀློག་པ་པོ་རྣམས་ཀྱི་ཐུགས་ལ་འཇགས་པ་གནང་བའི་ངང་བདག་གི་བསམ་ཚུལ་འདི་རིགས་ལ་དཔྱད་པར་ཞུའོ།

          <<མི་ཚེའི་བྲོ་བ་མངར་སྐྱུར>>གྱི་མངར་བའི་བྲོ་བ་དེ་སྐུ་ཞབས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རོ་མྱང་གནང་ཟིན་པས་ན་བདག་གིས་སྐྱར་མྱོང་བྱ་མ་དགོས་པའི་ཐོག་འདིར་སྐྱུར་བའི་བྲོ་བའི་སྐོར་འགའ་ཞིག་གླེང་ན། བདག་ལ་སྐྱུར་དྲི་ཐེངས་དགུ་ཁ་བྱུང་བ་སྟེ། བརྩམས་སྒྲུང་འདི་ཉིད་མི་སྣ་གཙོ་བོ་བློ་བཟང་གི་སློབ་སྦྱོང་འགོ་འཛུགས་ནས་སློབ་མཐར་ཕྱིན་རྗེས་ཀྱི་དུས་ཚོད་རིམ་པའི་ཐིག་སྐུད་དེད་ནས་བྱུང་རིམ་བསྒྲིགས་པ་ཞིག་ཡིན་པས་དུས་ཚོད་ཀྱི་གོ་རིམ་མམ་ཐིག་སྐུད་དེ་མ་ཡོ་མ་ཆད་པ་ཞིག་དགོས་པ་གཙོ་བོར་འཛིན་དགོས་པ་ལ་འདིར་དུས་ཚོད་མ་འགྲིག་པའི་སྐྱོན་ཆེན་པོ་བྱུང་ཡོད་དེ།  བློ་བཟང་གིས།  ཟུར་གསོག་སློབ་གྲྭར་ལོ་གཅིག་ཙམ་བསྡད་རྗེས་བོད་གཞུང་གིས་འདི་གར་བཏང་གནང་སོང། འདི་གར་སླེབས་ནས་ད་ལྟ་ཟླ་བ་དྲུག་མ་གཏོགས་འགྲོ་གིན་མེད། དེས་ན་སྐབས་དེ་དུས་༡༩༦༧ལོ་ཡིན་པ་དང་ཁོ་རང་འཛིན་རིམ་ལྔ་པ་ཡིན་ཚུལ་གསལ་མོད་ཁོའི་ལོ་ཚོད་མི་གསལ བློ་བཟང་རྒྱ་གར་ལ་འབྱོར་ལོ་༡༩༦༦ལོ་ཡིན་པ་དང།  ཡང་ཁོ་འཛིན་རིམ་བཅུ་གཅིག་པའི་སྐབས་༡༩༧༣ལོ་ཡིན་དགོས།  བོད་ལ་ནང་མིར་མཇལ་འཕྲད་དུ་བསྐྱོད་དུས། ཨ་ནེས།ཁྱེད་རང་རྒྱ་གར་ལ་ཕྱིན་ཚར་བའི་ལོ་གཅིག་གི་རྗེས་སུ་རིག་གནས་གསར་བརྗེ་ཟེར་བའི་རླུང་འཚུབ་ཀྱི་ཤུགས་དེ་ཕྲན་བུ་ཆུང་དུ་ཕྱིན་པ་ལྟ་བུ་ཞིག་བྱུང་སྟེ།ཞེས་དང། བློ་བཟང་གིས།བྱས་ན་དེང་སང་རིག་གནས་གསར་བརྗེ་སྐབས་ཀྱི་དཀའ་ངལ་དེ་ཡོད་པ་མ་རེད་དམ།རིག་གནས་གསར་བརྗེ་ནི་༡༩༦༦ནས་༡༩༧༦བར་ཡིན། ཞེས་པ་འདི་དག་གིས་ལོ་རྒྱུས་དོན་དངོས་མི་ཤེས་པ་ཞིག་ཡིན་ན་མ་གཏོགས་མགོ་འཐོམས་པར་བྱེད་དོ། འདི་ནི་རྩ་བའི་སྒྲིག་གཞིའི་དུས་ཚོད་ཀྱི་ཐིག་སྐུད་འཆོལ་བའི་སྐྱུར་དྲི་ཁ་མོའོ།

          ཡང། ཁོའི་ཨ་ནེས།ཁྱོད་རང་རྒྱ་གར་དུ་བཏང་བའི་དམིགས་ཡུལ་ནི་༧གོང་ལ་མཆོག་གི་དབུ་འོག་དཔུང་འདེགས་དང། བོད་གཞུང་གི་ཞབས་ཞུ་བྱེད་མཁན་ཞིག་བྱུང་ན་བསམ་པའི་རེ་བ་བྱས་ཏེ་བཏང་བ་ཡིན།ཞེས་སོགས་ཀྱི་རེ་བ་ལྟར་བློ་བཟང་གིས་ཀྱང༌།ད་ནས་བཟུང་ངས་རང་གི་རྒྱལ་ཁབ་དང། མི་རིགས། རིག་གཞུང་དང་བཅས་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་པའི་དོན་དུ་སྙིང་ལ་རུས་པ་བཅུག་སྟེ། སློབ་སྦྱོང་བྱེད་ཨང་བསམ་པའི་དམ་བཅའ་གསར་བ་ཞིག་ཇོ་བོའི་སྐུ་བརྙན་གྱི་མདུན་དུ་བྱས།ཞེས་པ་དེ་བཞིན་དམིགས་ཡུལ་འདི་བཅངས་ཏེ་རེ་བ་ཆེན་པོས་སློབ་མཐར་ཕྱིན་ནས་ལོ་གསུམ་ཙམ་ལས་ལས་བྱེད་མ་བྱས་པར་ཐ་ན་ཡུན་རིང་གཉོར་སྐྱོང་བྱས་པའི་གྲོགས་མོའི་བརྩེ་དུང་ཙམ་ཡང་མ་ཚོར་ཞིང་རྗེས་སུ་ཤེས་ཀྱང་མ་བརྩིས་པར་རང་ཉིད་དང་ཨ་ནེ་སོགས་མ་གྲོས་གཅིག་མཐུན་གྱིས་རབ་ཏུ་འབྱུང་བར་མོས་ནས་ཆོས་སྒོར་བཅུག་པ་ནི་ཁ་དན་ཚིག་ལ་མ་གནས་པའི་མི་སྣ་དག་གི་རང་གཤིས་དང་འགལ་བའི་སྐྱུར་དྲིའོ།

          དེ་ལྟར་མི་སྣ་གཙོ་བོའི་མདུན་ལམ་ཐག་གཅོད་བྱས་པ་མི་འཚམས་པ་སོགས་ཀྱིས་བརྩམས་སྒྲུང་ཧྲིལ་བོའི་བརྗོད་བྱའི་སྙིང་དོན་འདིའོ་ཞེས་བརྗོད་བྱ་གཅིག་བསྒྲིལ་མི་ནུས་པ་ནི་བརྩམས་ཆོས་ཀྱི་སྲོག་གམ་བསམ་བློའི་སྙིང་དོན་སྟོང་བའི་སྐྱུར་དྲིའོ།

          ཡང་གནས་ཚུལ་ཕལ་མོ་ཆེ་མཚོན་ཐབས་སུ་གཙོ་བོ་མི་སྣའི་གླེང་མོལ་གྱི་ཐབས་ཚུལ་བཀོལ་འདུག་ན་ཡང་དེ་དག་གི་སྐད་ཆ་མང་ཞིང་རིང་དྲགས་པ་དང༌། དེ་ཡང་དམིགས་བསལ་བརྗོད་གཞི་ལ་ཞབས་འདེགས་ཞུ་བའི་ནུས་པ་ཞན་པ་ནི་མཚོན་ཐབས་ལ་ནུས་པ་བྲལ་བའི་སྐྱུར་དྲིའོ།

          ཡང་མི་སྣ་ཆེ་ཆུང་ཚང་མས་ས་སྐྱ་ལེགས་བཤད་སྐྱོར་བ་སོགས་སྐད་ཆ་བཤད་སྟངས་གཅིག་པ་དང། ལྷག་པར་འཛིན་རིམ་ལྔ་དྲུག་སྐབས་ཀྱི་བློ་བཟང་སོགས་ཀྱི་བསམ་བློའི་གོ་རྟོགས་དང་ངག་རྩལ་སོགས་རྩོམ་པ་པོ་རང་ཉིད་རང་གི་རྩོམ་ནང་གི་མི་སྣའི་ཚད་ལ་མར་མ་བབས་པར་མི་སྣ་དེ་དག་རྩོམ་མཁན་རང་གི་སར་བཞག་ནས་བྲིས་འདུག་པ་ནི་མི་སྣའི་ཤེས་ཚད་དང་མི་མཐུན་པའི་འགལ་བའི་སྐྱུར་དྲིའོ།

          ཡང། སྐབས་དོན་གྱི་གནས་ཚུལ་མང་པོ་ཞིག་སྐབས་དེ་དུས་ཀྱི་ཡུལ་དུས་གནས་བབ་དང་མི་མཐུན་པ་སྟེ། དཔེར་ན། བློ་བཟང་བོད་དུ་སོང་བའི་སྐབས་༡༩༧༣ལོམཐོང་སྣང་བྲིས་པའི་སྐབས་སུ།གུང་ཁྲན་ཀླ་ཀློའི་རླུང་འཚུབ་ངན་པ་དེས་ལོ་ངོ་བཅུ་ཕྲག་བཞི་ལྷག་ཙམ་གྱི་རིང་ལ་ཐལ་བའི་རྡུལ་དུ་བརླག་པ་སྟེ།་ཞེས་ད་ལྟའི་གནས་ཚུལ་འདྲ་བོའི་ཚུལ་སོགས་གཞན་དག་ན་ཡང་མང་དུ་བྲིས་འདུག་སྟེ་འདི་དག་ནི་ཡུལ་དུས་གནས་བབ་དང་བདེན་དོན་དང་ཡང་འགལ་བའི་སྐྱུར་དྲིའོ།

          ཡང། མི་སྣ་ཚང་མ་རྩོམ་མཁན་རང་ངོས་ནས་ཐད་ཀར་གསལ་བཤད་ངོ་སྤྲོད་ཀྱི་ཐབས་ལམ་ཁོ་ན་ལ་བརྟེན་པ་དང་དེ་ཡང་མི་སྣ་དག་ལ་གཙོ་ཕལ་དང་ངོ་སྤྲོད་ངེས་པར་དགོས་མིན་གྱི་ཁྱད་པར་མ་ཕྱེད་པ་ནི་དགོས་མིན་མཉམ་བསྲེས་ཀྱི་སྐྱུར་དྲིའོ།

          ཡང། ཡི་གེ་ཞིག་གི་གསང་དོན་དེ་ནི་ཐ་མ་ཀློག་མཁན་ཚོས་ཀྱང་སུ་ཡིན་མི་ཤེས་པའི་གསང་བའི་ཡང་གསང་ཞིག་ཏུ་བྱས་པ་སྟེ། ཐ་ན་མི་སྣ་གཙོ་བོ་དང་རྩོམ་མཁན་རང་གིས་ཀྱང་འདི་འོ་ཞེས་མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཞིག གལ་ཏེ་དེ་ཤེས་པ་ཡིན་ན་ཡང་དམིགས་བསལ་གནད་དོན་ཞིག་ཐག་ཆོད་པ་ལྟ་བུའི་ནང་དོན་གལ་ཆེན་གང་ཡང་མེད་པ་ཞིག་ཡིན་པས་ཡུན་རིང་གི་གསང་བ་དེ་ཀློག་མཁན་གྱིས་ངེས་པར་ཤེས་འདོད་ཀྱི་རེ་བ་མེད་ཀྱང་ཐ་ན་ཤེས་ཀྱང་མི་དགོས་པའི་གསང་བ་ཞིག་ཆགས་འདུག་པ་ནི་གསང་བ་རུལ་བར་གྱུར་བའི་སྐྱུར་དྲིའོ།

          མདོར་ན་ཀ་སྦུག་བོད་གཞུང་སློབ་གྲྭའི་དུས་སྐབས་དང། རིག་གནས་གསར་བརྗེའི་དུས་སྐབས། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་སོགས་ཡར་བསྲེས་མར་བསྲེས་བྱས་ཏེ་ཕལ་ཆེར་ནང་དོན་རྒྱ་ཆེན་པོ་ཞིག་མཚོན་ཕྱིར་ཡིན་པ་འདྲམགོ་ཉོག་པར་བྱས་འདུག་པ་ནི་སྒྱུ་རྩལ་གྱི་བདེན་པའི་ནུས་པ་བྲལ་བའི་སྐྱུར་དྲིའོ།

 

          བརྩམས་ཆོས་སྔོན་མའི་གླེང་བརྗོད་སོགས་ཀྱི་ནང་ལ་སྐྱོན་ཆ་ཞིབ་ཏུ་མ་གླེང་བས་ཐེངས་འདིར་ཡང་རྩོམ་མཁན་ལ་གོང་གི་སྐྱོན་ཆ་ཕལ་ཆེར་རང་སོར་གནས་འདུག་པས། འདིར་ཅུང་ཟད་གསལ་ཁ་བཏོད་པ་འདིས་ཁོང་གིས་གཞུག་མའི་བརྩམ་བྱ་ཁག་ལ་སྐྱོན་འདོར་ལེགས་བཅོས་ཐུབ་པའི་རེ་བ་དང། ལྷག་པར་རྩོམ་མཁན་རང་ཉིད་དབྱིན་ཡིག་གི་ཤེས་ཚད་ཡག་པོ་ཡོད་པས་ཕྱི་རྒྱལ་རྩོམ་པ་པོ་མཁས་པ་དང་མཐུན་འབྲེལ་གྱིས་རྩོམ་འབྲིའི་ཆུ་ཚད་ཚད་མཐོར་བཏང་ནས་མུ་མཐུད་རྩོམ་འབྲི་གནང་བའི་རེ་བ་བཅས། ། ༢༠༠༡ ༡༢ ༢༦

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php