"མེ་ཏོག"གི་རང་དཔྱད།

 

 

 

 མེ་ཏོག

 

                   རྩྭ་ཐང་གི་མེ་ཏོག་འབྲི་མོས་ཟོས།

          འབྲི་མོའི་འོ་མ་བུ་མོས་འཐུངས།

བུ་མོའི་འོ་འཛིན་བདག་གིས་འཇིབས།

 

མེ་ཏོག་མགོ་ལྕོག་བུང་བར་ལྡེམ།

          བུང་བའི་མཛའ་གཞས་བུ་མོར་འཐེན།

                   བུ་མོའི་མིག་ཟུར་བདག་ལ་གཡོ།

 

བུང་བས་བུ་མོ་མེ་ཏོག་སྙམ།

          བདག་གིས་མེ་ཏོག་བུ་མོར་འཁྲུལ།

                   ང་དང་བུང་བ་གྱོད་ལ་ཐུག

 

          བདག་གི་མིང་ལ་མེ་ཏོག་ཟེར། ཁྱེད་ཀྱིས་ཐོག་མར་མིང་འདི་མཐོང་བ་དང་མེ་ཏོག་ལ་དུངས་ཞེན་ཅན་ཚོའི་མིག་ལ་མཛེས་སྡུག་གང་ཞིག་སྣང་ཡང་སྲིད་མོད། ཁྱོད་ཀྱིས་ཐེངས་གཅིག་བཀླགས་རྗེས་དང་ཞིབ་འདང་ཞིག་བརྒྱབ་ཚེ"མེ་ཏོག"གིས་ཁྱོད་ལ་མཛེས་སྡུག་དང་སྡེབས་པའི་དུང་ཞེན་ཞིག་གི་ཚོར་བ་ཕྲ་མོ་ཞིག་སྦྱིན་ངེས། འོ་ན། དེ་ནི་བདག་གི་མིང་བྱང་ཁོ་ནས་ཡིན་ནམ། ཁྱེད་ཀྱིས་ད་དུང་བསམ་གཞིགས་ཤིག་གནང་རོགས།

          ཁྱེད་ཀྱིས་དེ་མ་ཐག 'རྩྭ་ཐང་གི་མེ་ཏོག'མཐོང་དུས། ཁྱེད་ཀྱི་མིག་ལ་མཐའ་ཡས་སྔོ་ལྗང་གི་རི་ལུང་དང་སྤང་ཐང་ཞིག་འཆར་ངེས་ལ། ཁ་དོག་འདྲ་མིན་དང་དྲི་ཞིམ་འདོད་དགུའི་མེ་ཏོག་གང་དག་མཐོང་ཞིང༌། དེ་དང་ལྷན་དུ་བདག་ནི་མཐོ་སྒང་རི་གྲོང་གི་མེ་ཏོག་ཅིག་ཡིན་པའང་རྟོགས་པར་འགྱུར། སྐབས་འདིར་ལ་ལ་ཞིག་ལ་ལྷག་པར་དུང་སེམས་ཤིག་སྐྱེ་སྲིད། དེ་ནི་བདག་གི་རྩོམ་པ་པོ་སོགས་རྩྭ་ཐང་གི་བདག་པོ་རྣམས་ཡིན་ངེས།

          མེ་ཏོག"འབྲི་མོས་ཟོས"པ་མཐོང་དུས་ཁྱོད་ལ་ཕངས་སེམས་ཅུང་སྐྱེ་ཡང་སྲིད་མོད། དོན་དུ་དེ་ནི་ཁྱོད་ཀྱི་སྐྱིད་སྣང་གཞན་ཞིག་ཡིན་ངེས་ཏེ། འབྲི་མོ་ནི་ཁྱོད་ཀྱི་དྲིན་ཆེན་མ་མ་ཞིག་ཡིན་པས་མ་མ་ལ་ཁ་ཟས་བདག་འདྲ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་ན་ཁྱོད་ཅིས་མི་དགའ།

          "འབྲི་མོའི་འོ་མ་བུ་མོས་འཐུངས"པས་སླར་ཡང་མེ་ཏོག་དང་འདྲ་བའི་རྩྭ་ཐང་གི་བུ་མོ་དག་ཁྱོད་ཀྱི་མིག་ལམ་དུ་མི་འཆར་རམ། སྐབས་འདིར་ཁྱོད་ཀྱིས་ཅི་ཞིག་དྲན་བཞིན་དུང་སེམས་ཀྱི་འོ་མ་ཁོང་ནས་འཕྱུར་ཅིང་མངར་ཁ་སྙིང་ལ་མི་སིམ་མམ།

          "བུ་མོའི་འོ་འཛིན་བདག་གིས་འཇིབས"པས་ཁྱོད་ཀྱིས་མེ་ཏོག་གསོན་པོ་ཞིག་གི་མཛེས་སྡུག་ཡོད་ཚད་མྱོང་བ་ཡིན་ལ། ཁྱོད་ཀྱིས་རྩྭ་ཐང་གི་དགའ་མ་དྲན་ངེས། གལ་ཏེ་དེ་ལྟར་མིན་ན། མེ་ཏོག་གཞན་འདི་ཅི་ལ་འབྲི།

          གཅིག་གཅིག་ལ་བརྟེན་ནས་འཚོ་བའི་ཆོས་ཉིད་འདིའི་ཁྲོད་དུ། གཅིག་གི་མཛེས་སྡུག་གཅིག་གིས་འཕྲོག་པའི་མཐར་མཛེས་སྡུག་ཀུན་གྱི་ལོངས་སྤྱོད་བདག་པོ'བདག'ཁྱོད་རང་མ་ཡིན་ནམ། ལོས་ཡིན་ཏེ་ཁྱོད་རང་རྩྭ་ཐང་གི་བདག་པོ་ཡིན་ནོ།

          དེ་ལྟར་དབྱར་དྲུག་པའི་འབྲོག་ཐང་གི་འཚོ་བ་ཞིག་དང་རང་སེམས་ཀྱི་མེ་ཏོག་དག་གི་མཛེས་སྡུག་དག་ལ་སླར་ཡང་རོལ་མྱོང་ཞིག་བྱས་ཟིན་པས་ཚིག་རྐང་འདི་གསུམ་གྱིས་ཀྱང་ཁྱོད་ཀྱི་འདོད་བློ་ཚིམ་ན་ཆོག འོན་ཀྱང་ཆང་ཕོར་གང་འཐུངས་ན་སླར་ཡང་ཕོར་གང་འཐུངས་འདོད་པས།

          "མེ་ཏོག་མགོ་ལྕོག་བུང་བར་ལྡེམ།" བུང་བ་ལ་དགའ་བ་ལོས་ཡིན"བུང་བས་མཛའ་གཞས་བུ་མོར་འཐེན"མེ་ཏོག་གིས་མ་ཚིམ་པ་ཡིན་ནམ། ཅི་འདྲའི་འདོད་སྲེད་ཅིག "བུ་མོའི་ཟུར་མིག་བདག་ལ་གཡོ"བདག་གི་སེམས་པ་ངེས་པར་བཟི་ཡོད་ངེས ཞེས་སླར་ཡང་མེ་ཏོག་དང་བུང་བ། བུ་མོ་གསུམ་གྱིས་གྲུབ་པའི་ནས་ཆང་བསིལ་མ་ཕོར་གང་དྲངས་པ་འདིས། ཁྱོད་ཀྱིས་མེ་ཏོག་གི་བརྩེ་བའི་ཉམས་འགྱུར་འགུལ་སྐྱོད་མཐོང་ཞིང༌། བུང་བའི་མཛའ་གཞས་སྒྲ་སྐད་ཐོས་ཐུབ་ལ། དེ་བས་ཀྱང་བུ་མོའི་ཟུར་མིག་གི་གསང་བརྡ་བརྩེ་སེམས་ཀྱི་འདོད་རླབས་དེ་མཐོང་ངེས། དེ་ལྟར་གཅིག་སེམས་གཅིག་ལ་ཆགས་པའི་བརྩེ་ཞེན་གྱི་ཕྲེང་བའི་རི་མོ་ཞིག་གི་གཡོ་འགུལ་ངོ་མའི་ཟློས་གར་ཞིག་ཀྱང་སྣང་བར་མི་འགྱུར་རམ།

 

          ཆང་ཕོར་གསུམ་པས་ཁྱོད་ངེས་པར་ས་ལ་བསྒྱེལ་ངེས་ཡིན། "བུང་བས་བུ་མོ་མེ་ཏོག་སྙམ། བདག་གིས་མེ་ཏོག་བུ་མོར་འཁྲུལ། ང་དང་བུང་བ་གྱོད་ལ་ཐུག"མཛེས་སྡུག་ལ་སུ་ཡང་སྨོན། དེ་བས'བདག'དང'བུང་བ'ཡང་མཛེས་སྡུག་དེས་བསླུས་པས་རྨོངས་པར་གྱུར་ཅིང་ཉོན་མོངས་པར་གྱུར། ངོ་མ་ར་བཟི་དུས་མིག་ལམ་དུ་གང་བསམ་དེ་སྣང་སྲིད་ལ་གང་དྲན་པ་དེ་བརྗོད་ངེས། མ་ཡིན་ནམ་ར་བཟི་ལགས།

          དེ་ལྟར་བཟི་དུས། བསླུ་བྲིད་ཉིས་རྩེག་གི་དབང་གིས་ར་བཟི་མང་པོས་རྒྱག་རེས་བྱེད་ངེས། 'བདག'དང'བུང་བ'ལའང་ཁག་ཅི་ཡོད། འོན་ཀྱང་ཁོ་གཉིས་སུ་ལ་ཡང་ནོར་འཁྲུལ་མེད། དེ་ནི་མེ་ཏོག་དང་བུ་མོ་ཁོ་ནའི་སྐྱོན། དོན་དངོས་སུ་མེ་ཏོག་དང་བུ་མོ་ནི་འདོད་ལྷའི་མེ་ཏོག་གི་མདའ་མོ་ཆ་གཅིག་ཡིན་པས་ཁྱོད་ཅག་ཅིས་མི་རྨོངས། ཁྱོད་ཀྱི་བརྩེ་དུང་ཅི་ཙམ་གྱིས་ཟབ་ན་དེ་ཙམ་གྱིས་རྨོངས་པར་འགྱུར། མིན་ན་གྱོད་ལ་ཐུག་ནས་གྱོད་འཛིང་བྱེད་པར་དཔའ་མི་ཞུམ་ནའང་ངོ་ལོས་ཚ། ཡིན་ཡང་རྩྭ་ཐང་གི་ཕོ་གསར་ཞིག་གིས་རང་གི་སྙིང་སྡུག་གཞན་དུ་ཤོར་ན་ངོ་ཚ་བ་ལས་དེ་རྩོད་པ་ལ་སུ་ཞིག་ངོ་གནོང། དེ་ནི་ང་ཚོ་མེ་ཏོག་གི་རྩྭ་ཐང་གི་བརྩེ་དུང་གི་ལ་རྒྱ་མིན་ནམ

 

          ངོ་མ་ཁྱོད་རང་རྩྭ་ཐང་དུ་དེ་ལྟར་འཚོ་བ་ཡིན་ལ། རྩྭ་ཐང་དང་རྩྭ་ཐང་གི་མེ་ཏོག་དག་ལ་ངོ་མ་དུང་ཞེན་ཟབ། དེ་ནི་ཁྱོད་ཀྱི་གཞོན་དུས་ཀྱི་འཚོ་བ་ཞིག་ཡིན་ལ། ད་ལྟ་ད་དུང་དྲན་ཞིང་སྨོན་པའི་སེམས་གཏིང་གི་འཚོ་བ་ཞིག་ཀྱང་ཡིན། དེ་བས། "མེ་ཏོག"ནི་ཁྱོད་ཀྱི་དུང་སེམས་ཀྱི་རྩྭ་ཐང་ནས་བཞད་ཀྱང་ནམ་ཡང་ཡལ་བ་མེད་པའི་སེམས་ཀྱི་མེ་ཏོག་གམ་སྙིང་སྡུག་མཛའ་མོ་ཡིན།

 

          དེ་དག་ནི"མེ་ཏོག"གི་ནང་ཉམས་ཡིན་ལ། ད་དུང་མེ་ཏོག་ནི་མཚར་ཅིང་དགའ་བ་བསྐྱེད་བྱེད་ཅིག་ཡིན་པ་ལྟར་འདིར་ཡང་དཔེ་མཚོན་དང་རབ་རྟོག་དག་གིས་ཚིག་ལ་མཚར་ཉམས་དང་དགོད་བྲོའི་ཁྱད་ཆོས་ཐོན་ཡོད། འོན་ཀྱང་ཁྱད་ཆོས་གཙོ་བོ་ནི། འདི་ནི་རི་མོ་བ་ཞིག་གིས་འབྲི་ཐུབ་ཅིང་ཟློས་གར་བ་ཞིག་གིས་འཁྲབ་ཐུབ་པའི་བརྩེ་སེམས་དང་མཛེས་སྡུག་ལྷན་བསྡེབས་ཀྱི་འགུལ་ཉམས་རང་བཞིན་གྱི་སྙན་ཚིག་ཐུང་ངུ་ཞིག་ཡིན་པ་དེའོ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php