༄།རང་མོས་སྙན་དངགས་ལ་རྩོམ་གཞུང་དགོས་མིན་སྐོརཞེས་པར་ལྟ་ཚུལ།



    །དབྱངས་ཅན་ངག་ལ་བཞུགས་པའི་སྙུག་ཐོགས་ཚོར།
    །དབྱངས་ཀྱི་འགྱུར་ཁུག་མི་འདྲའི་གླུ་གསར་རེ།
    །གནའ་ནས་བྱུང་ལ་ད་ཡང་འབྱུང་བཞིན་པས།
    །དྲི་ཟའི་འཇིག་རྟེན་གཞན་ལ་སྨོན་དགོས་མེད།

གཅིག གཞུང་ལུགས་ནི་ལག་ལེན་དང་ཞིབ་འཇུག་གི་འབྲས་བུ་ཡིན།


སྤྱིར་གཞུང་ལུགས་ཤིག་གི་ཆགས་རིམ་ཐད་ནས་བཤད་ན་ཤེས་བྱ་བྱེ་བྲག་པ་ཞིག་ཡུན་རིང་ལག་ལེན་དར་ཁྱབ་སོང་བའི་དཔྱད་འབྲས་ཤིག་ཡིན་དགོས་པས། དུས་ཡུན་ཐུང་བའམ་ལག་ལེན་ཉུང་བའི་ཤེས་བྱ་གང་ཞིག་ཡིན་ཡང་དེ་ལ་ཚད་ཐུབ་ཀྱི་གཞུང་ལུགས་ཤིག་འགྲུབ་དཀའ། ལག་ལེན་གྱི་ཁྲོད་དུ་ཆེད་ལས་མཁས་པས་བརྟག་དཔྱད་སྣ་ཚོགས་བརྒྱུད་དེ་རིམ་པས་ཐུན་མོང་གི་ངོས་འཛིན་རང་བཞིན་ཅན་གྱི་ཕྱོགས་སྡོམ་ཡང་དག་རེ་རྙེད་ཐུབ་ལ། དེ་དག་ཆུ་ཐིགས་བསགས་པའི་རྒྱ་མཚོ་ལྟར་རིགས་པའི་གཞུང་ལུགས་ཤིག་ཀྱང་ལེགས་འགྲུབ་འབྱུང་ཐུབ་པའི་གནད་འགག་འདི་ང་ཚོའི་ཐོག་མ་ནས་ངོས་འཛིན་ཐུབ་དགོས། དཔེར་ན། སྙན་ངག་མེ་ལོང་མ་ཡང་དེ་ལྟ་བུའི་གོ་རིམ་མང་བརྒྱུད་ཀྱི་རྩོམ་གཞུང་ཞིག་ཡིན་པ་ར་འཕྲོད་ཐུབ། འོན་ཀྱང་མུ་མཐུད་དེ་བསྐྱར་ཞིབ་དང་སྐྱོན་ཡོན་འདོར་ལེན་གྱིས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་རུ་གཏོང་རྒྱུ་ནི་རྩོམ་པ་པོ་ཚང་མར་བབས་པའི་འོས་འགན་ཡིན།

 

གཉིས། ཅི་ཞིག་ལ་རང་མོས་སྙན་དངགས་སམ་སྙན་ངག་གསར་ཟེར།


སྐུ་ཞབས་ལྗང་བུས།  ¿རང་རེའི་སྙན་ངག་གསར་པའི་ཁྱད་ཆོས་གཙོ་བོ་ནང་དོན་ནམ་བརྗོད་བྱའི་སྟེང་ནས་གོ་དགོས་ལ། མཚོན་བྱེད་ཀྱི་ཐབས་ལམ་དང་རྩོམ་རྩལ་ཐོན་མིན་གྱི་སྟེང་ནས་ཀྱང་གསར་པ་ལ་དོ་སྣང་བྱ་དགོས། དེ་བས་ཚིགས་བཅད་ཀྱི་རྐང་བ་རེ་རེའི་ཚེག་བར་མང་ཉུང་ཁོ་ནར་གཞིགས་ནས་གསར་རྙིང་གི་དབྱེ་བ་འབྱེད་པ་དེ་གཟུགས་འདས་རིག་པའི་ཕྱོགས་སུ་ལྷུང་བ་ཡིན་ནོ་སྙམ།¿ ཞེས་གསུངས་པར་བཞིན་ནོ།
ལྗ་བུས་ད་དུང་སྙན་དངགས་གསར་པའི་རྩོམ་ཐབས་ཀྱི་དགེ་མཚན་ལ་དཔྱད་སྡོམ་འདི་འདྲ་ཞིག་གནང་ཡོད་དེ། ¿རང་དབང་ལྷག་པར་ལྡན་ལ་ཐབས་ཤེས་ལྷག་པར་མང་བ་དང༌། རང་གཤིས་མཐར་ཕྱིན་མཚོན་པར་ལྷག་ཏུ་འཚམས་ཤིང༌། ཡིད་ཀྱི་རི་རབ་ཀྱི་གཏིང་ལ་འབར་བའི་མེ་དཔུང་སྟེ་རྟོགས་མེད་ཀྱི་ཤེས་བ་མཚོན་པར་ལྷག་ཏུ་འཚམས་ལ། དངོས་ཡོད་དང་འཇིག་རྟེན་གྱི་གསང་བ་མཐའ་དག་ལ་དམིགས་པའི་བསམ་གཞིགས་མཚོན་པར་ལྷག་ཏུ་འཚམས་པ་མ་ཟད། བརྒལ་ཚད་དང་མྱུར་ཚད་ཆེ་བའི་འཆར་སྒོ་སྣ་ཚོགས་མཚོན་པར་ལྷག་ཏུ་འཚམས།¿ཞེས་པ་ནི་མྱོང་རྟོགས་ཀྱི་གཏམ་མོ།


 གསུམ། རང་མོས་སྙན་དངགས་ནི་སྲོལ་རྒྱུན་སྙན་དངགས་ཀྱི་རྣམ་ཤེས་གསར་བ་ཞིག་ཡིན།


སྐུ་ཞབས་རང་གྲོལ་མཆོག་སྙན་ངག་མེ་ལོང་མའི་སྲས་ཀྱི་ཐུ་བོ་ཞིག་ཡིན་པ་ལ་ཁོང་གི་གླུ་གསར་ལང་ཚོའི་རྦབ་ཆུ་ལའང་ཚིག་རྒྱན་གྱི་ཚོན་མདངས་རྣམ་པར་བཀྲ་ཞིང༌། ལྗང་བུའི་ཐོག་མའི་སྙན་ཚིག་དག་ལའང་ཁྱད་ཆོས་དེ་དག་ཤིན་ཏུ་གསལ། ལང་ཚོའི་རྦབ་ཆུ་ནི་གསར་གཏོད་ཀྱི་ཐོག་མའི་མེ་ལྕེ་ཡིན་ན་ལྗང་བུའི་སྙན་དངགས་ནི་གསར་སྐྲུན་ཧྲིལ་བོའི་མེ་དཔུང་གི་རླབས་རྒྱུན་ཡིན། ཁོང་གིས། སྔོན་ཆད་སྙན་ངག་གསར་བ་བྱུང་བའི་རྒྱུན་ཆད་མ་མྱོང་མོད། རྗེས་སུ་རིམ་བཞིན་གསར་བ་མིན་པར་གྱུར། ཅེས་གསུངས་པ་བཞིན། གནའ་བོའི་ངག་རྒྱུན་ནས་མཆེད་པའི་གླུ་ཚིག་ཐར་ཐོར་དག་ནས་ད་བར་དུ་སྙན་དངགས་ཀྱི་རོལ་དབྱངས་གསར་བའི་བར་ལ་རྩ་བའི་རྒྱུད་སྐུད་གཅིག་གིས་སྦྲེལ་ཡོད་པ་མྱོང་བས་ཤེས། གདོད་མའི་རང་མོས་སྙན་ཚིག་ནས་སྒྲིག་ཅན་སྙན་ངག་ཏུ་འཚར་ལོངས་དང༌། དེ་ནས་སླར་ཡང་དེང་རབས་རང་མོས་སྙན་དངགས་སུ་འཕུར་མཆོངས་བྱས་པ་ཡིན། སྲོལ་རྒྱུན་སྙན་དངགས་དང་རང་མོས་སྙན་དངགས་གཉི་གའང་སྙན་རྩོམ་སྤྱི་ལས་ཚད་མཐོའི་སྒྱུ་རྩལ་རང་བཞིན་ཅན་གྱི་སྙན་དངགས་ཡིན་པ་གཅིག་མཚུངས་ཡིན་པས་ཐུན་མོང་གི་རང་བཞིན་ཡོད་པ་ཁས་ལེན་དགོས་ལ། དེ་བས་ན་རང་མོས་སྙན་དངགས་ནི་སྲོལ་རྒྱུན་སྙན་དངགས་ཀྱི་རྣམ་ཤེས་གསར་བ་ཞིག་ལས་མ་འདས་པས་རྦད་དེ་ཐ་དད་པའི་གཞུང་ལུགས་ཤིག་ཀྱང་ཡོང་མི་སྲིད་སྙམ།


བཞི། སྙན་དངགས་གསར་བའི་དཔྱོད་འགྲེལ་གྱི་རིགས་ལམ་དང་གསར་རྩོམ་གྱི་རྣམ་གཞག


རང་མོས་སྙན་དངགས་ནི་ནང་དོན་གྱི་ཆ་ནས་དུང་སེམས་མཚོན་ཐབས་དང༌། མཚོན་ཐབས་ཀྱི་ཆ་ནས་འཆར་ཡན་དང་བསྡུས་བརྗོད་གཙོ། ཚིག་སྦྱོར་གྱི་ཆ་ནས་འགྱུར་ཁུག་མང་ལ་ཏིང་འཛིན་གྱི་ཡོན་ཏན་གཙོ་ཆེ། སྤྱིར་བཏང་ཚིག་རྒྱན་གྱི་སྤྲོས་པ་ཉུང་བཅས་མདོར་ན་ཕྱོགས་ཡོངས་ནས་རང་མོས་རང་དབང་གི་སྒྱུ་རྩལ་ཁེ་དབང་གཞན་ལས་ཆེ་ཙམ་ཡོད་སྙམ། དེ་བས་སྤྱིར་སྙན་དངགས་ཀྱི་ཁྱད་ཆོས་དང་སྒོས་སུ་གསར་རྙིང་གི་དབྱེ་བའང་ཡོད་པས་ན་རང་མོས་སྙན་དངགས་ལའང་རང་གི་ཁྱད་ཆོས་དང་མཐུན་པའི་དཔྱོད་འགྲེལ་གྱི་རིགས་ལམ་ཞིག་ཅིས་ཀྱང་ཡོད་འོས་ལ། དེ་ཉིད་རིམ་གསོག་གིས་ནམ་ཞིག་སྙན་དངགས་གསར་རྩོམ་གྱི་རྣམ་བཤད་ཅིག་ཀྱང་འགྲུབ་སྲིད།
ལྗང་བུས་ཀྱང༌། ¿ང་ཚོར་རྣམ་དཔྱོད་ཀྱི་བློ་གྲོས་ལྡན་ཞིང་སྙན་ངག་གི་བྱ་གཞག་ཡོད་ཚད་འབུལ་ཐུབ་མཁན་ཉེ་བར་མཁོ་ལ། མྱུ་གུ་འབུས་མ་ཐག་པའི་སྙན་ངག་གསར་བས་ཀྱང་རང་ཉིད་ལ་རིགས་པའི་གཞུང་ལུགས་ཀྱི་དཔྱོད་འགྲེལ་གྱི་མ་ལག་གསར་བ་ཞིག་འཁྲུངས་རྒྱུའི་རེ་སྒུག་གི་འདུན་པ་ཤིན་ཏུ་དྲག ཤིན་ཏུ་ཀ་ཚ་དགོས་གཏུག་གི་གནད་དོན་ཡིན།¿ ཞེས་གསུངས་མྱོང་བ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་དཔྱོད་འགྲེལ་གྱི་སྒྲིག་གཞི་དང་འཛུགས་སྐྲུན་ཐད་ལ་ལྟ་ཚུལ་ཞིག་ཀྱང་བཏོན་ཡོད། དེ་ནི་གཅིག་ནས་མཛེས་དཔྱོད་སེམས་ཁམས་རིག་པའི་དཔྱོད་འགྲེལ་གྱི་ཐབས་ཤེས་དང༌། གཉིས་ནས་མ་ལག་ཚན་རིག་གི་བྱེད་ཐབས་སྤྱོད་པའི་དཔྱོད་འགྲེལ་གཉིས་ཡིན་ལ། འདི་ལ་སྤྱི་འཛིན་རང་བཞིན་དང༌། འགུལ་སྐྱོད་རང་བཞིན། སྣ་འཛོམས་རང་བཞིན་བཅས་ཁྱད་ཆོས་གཙོ་བོ་གསུམ་དུ་དབྱེ་ནས་ཚན་རིག་གི་རང་བཞིན་ལྡན་པའི་དཔྱོད་འགྲེལ་གྱི་ཐབས་ཚུལ་འགའ་བསྟན་ཡོད་པ་དེ་དག་ནི་གསར་རྩོམ་ཐད་ཀྱི་རིགས་ལམ་ཞིག་ཀྱང་ཅི་ལ་མིན།
མདོར་ན། ནུབ་ཕྱོགས་དེང་རབས་རྩོམ་རིག་མང་པོར་ཡང་ཟབ་ཅིང་རྒྱ་ཆེ་ལ་ཆ་ཚང་བའི་གཞུང་ལུགས་ཚད་ལྡན་བྱུང་བ་ཧ་ཅང་ཉུང་ལ་ལྷག་པར་རང་མོས་སྙན་དངགས་ལ་དེ་བས་ཀྱང་རྣམ་གཞག་མེད་མོད། སྙན་དངགས་ཀྱི་སྐྱེ་སྟོབས་ཡོངས་སུ་རྫོགས་པས། རང་རེའི་ལའང་གཞུང་ལུགས་གསར་བ་ཞིག་ངེས་པར་མཁོ་བ་མ་མཐོང། ཡིན་ན་ཡང༌། གསར་རྩོམ་གྱི་ཁྱད་ཆོས་ལས་དཔྱོད་འགྲེལ་གྱི་རིགས་ལམ་འཚོལ་བ་དང༌། དཔྱོད་འགྲེལ་གྱི་རིགས་ལམ་ལས་གསར་རྩོམ་ལ་ཁྲིད་སྟོན་གྱི་ནུས་པ་ཐོན་ངེས་པས། དེ་ཙམ་ལའང་རིགས་པའི་གཞུང་ལུགས་ཀྱི་གོ་དོན་ལྡན་ནོ།

།རིག་གནས་ཚང་མ་ལག་ལེན་བརྒྱུད་དེ་རྒྱས།
།གཞུང་ལུགས་དག་ནི་ལྷག་པར་དཔྱད་ཅིང་སྤེལ།
།སྙན་དངགས་གསར་བའི་ལང་ཚོ་རྫོགས་མིན་ནི།
།སྙན་དངགས་མཁན་པོའི་རྣམ་དཔྱོད་ཁོ་ནའི་མཐུ།BfGW’pê

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php