༄༅། །དེང་རབས་རྩོམ་རིག་སྐོར་རགས་ཙམ་གླེང་བ།

 

 

བོད། གླུ་གར་དང་རྩོམ་རིག་གི་གར་སྟེགས་མཐོན་པོ།

 

          བོད་གངས་ཅན་ལྗོངས་སུ་གནའ་སྔ་མོ་ཞིག་ནས་གླུ་གར་རིག་རྩལ་དར་ཁྱབ་ཆེ་ཞིང་རྩོམ་རིག་གི་ལོ་རྒྱུས་ཀྱང་ཧ་ཅང་རིང།བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྔོན་ནས་སྒྲུང་གཏམ་དང་གབ་ཚིག གཏམ་དཔེ། མགུར། དམངས་གཞས་སོགས་ངག་རྒྱུན་རྩོམ་རིག་གི་རྨང་གཞི་ཚུགས་ཡོད་པས། དུས་དེ་ནས་བཟུང་རྒྱལ་སྲིད་འཛིན་སྐྱོང་གི་བྱ་བར་ཡང་རྩོམ་རིག་བེད་སྤྱོད་བྱས་པའི་ལོ་རྒྱུས་ཡོད་པ་དོན་ལ་གནས་པས་སྐབས་དེ་ཙམ་ནས་སྲོང་བཙན་བར་ལ་བོད་ཀྱི་གདོད་མའི་བོད་ཀྱི་རབས་རྩོམ་རིག་དུས་རབས་ཞེས་བརྗོད་ཆོག

          སྲོང་བཙན་སྒམ་པོའི་དུས་སུ་ཐོན་མིས་རྒྱ་གར་བའི་ཚིག་རྒྱན་རྩོམ་སྲོལ་དང་མཐུན་པའི་སྙན་དངགས་དང་མགུར་སོགས་བརྩམས་པ་ནས་བཟུང་བོད་ལ་ཡིག་ཐོག་རྩོམ་རིག་བྱུང་འགོ་ཚུགས་མོད་དེ་ཙམ་དར་ཁྱབ་འགྲོ་ཐུབ་མེད། འདི་ནས་ས་པཎ་བར་ལ་གནའ་རབས་བོད་ཀྱི་རྩོམ་རིག་དུས་རབས་ཞེས་བརྗོད་འོས།

          ས་པཎ་དང་ཤོང་ལོ་ཙཱ་བས་སྙན་ངག་མེ་ལོང་མ་བསྒྱུར་བ་ནས་བཟུང་རྩོམ་རིག་སློབ་སྦྱོང་དང་ཚིག་རྒྱན་ཕུན་སུམ་ཚོགས་པའི་ཚིགས་བཅད་སྙན་དངགས་རྩོམ་སྲོལ་དར་རྒྱས་ཆེན་པོ་བྱུངབ་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་རྩོམ་རིག་མཁས་དབང་དོན་གྲུབ་རྒྱལ་སོགས་ཀྱི་བར་ལ་བོད་ཀྱི་ཉེ་རབས་རྩོམ་རིག་དུས་རབས།

          སྐུ་ཞབས་དོན་གྲུབ་རྒྱལ་སོགས་ནས་བརྩམས་སྒྲུང་དང། རང་མོས་སྙན་དངགས། ལྷུག་རྩོམ་སོགས་གསར་རྩོམ་བྱས་པ་ནས་ད་ལྟའི་བར་ལ་བོད་ཀྱི་དེང་རབས་རྩོམ་རིག་དུས་རབས་སུ་ཕྱེས་ན་འོས་བར་མཐོང་བས། ཁོ་བོས་འདིར་བརྗོད་པའི་དེང་རབས་རྩོམ་རིག་ལ་ལོ་ངོ་བཅུ་ཟུང་ལྷག་གི་དུས་ཡུན་ལས་མེད་པས་ཤིན་ཏུ་ལང་ཚོ་གཞོན་པའི་རྩོམ་རིག་གི་ལང་ཚོ་མ་ཞིག་ཡིན་ན་ཡང། དེང་རབས་རྩོམ་རིག་གི་བུ་མོ་འདིའི་ལང་ཚོའི་མཚར་སྡུག གླུ་གར་སྒྱུ་རྩལ། བསམ་པའི་གོ་རྟོགས་སོགས་སྔོན་མའི་རྩོམ་རིག་གི་མེས་པོའི་དུས་རབས་ལས་རབ་ཏུ་འགོངས་ཡོད།

 

          བོད་ཀྱི་དེང་རབས་རྩོམ་རིག་ལ་སྔོན་མའི་དུས་རབས་ཀྱི་རྩོམ་རིག་དང་མི་འདྲ་བའི་ཁྱད་ཆོས་ཁྱད་པར་བ་གསར་བ་འགའ་ཡོད་པ་ནི།

ཀ༽ རྩོམ་རིག་གི་རྒྱབ་ལྗོངས་མི་འདྲ་བ་གསར་བ་གཉིས།

ཁ༽ རྩོམ་རིག་གི་མདུན་ལྗོངས་མི་འདྲ་བ་གསར་བ་གཉིས།

ག༽ རྩོམ་པ་པོའི་དཔུང་སྡེ་མི་འདྲ་བ་གསར་བ་གཉིས།

ང༽ དུས་དེབ་སོགས་རྩོམ་རིག་གི་གར་སྟེགས་གསར་བ།

ཅ༽ རྩོམ་རིག་གི་མཚོན་ཐབས་སྒྱུ་རྩལ་གསར་བ།

ཆ༽ རྩོམ་རིག་གི་བརྗོད་བྱ་སྣ་མང་གསར་བ།

ཇ༽ དེང་རབས་རྩོམ་པ་པོའི་དཔེ་དེབ་གསར་སྐྲུན།

ཉ༽ དེང་རབས་གཞོན་སྐྱེས་རྩོམ་པ་པོ་ཁག་ཅིག་དང་ཁོང་ཚོའི་བསམ་བློ་གསར་བའི་སྐོར།

ཏ༽ དེང་རབས་རྩོམ་རིག་གསར་བའི་སྐྱེ་སྟོབས་ཀྱི་རྒྱུ་རྐྱེན་བཅས་སོ།

 

      གཤམ་དུ་དོན་ཚན་དེ་དག་གི་སྐོར་དང༌། ཆབས་ཅིག་དེང་རབས་གཞོན་སྐྱེས་ཕུལ་བྱུང་རྩོམ་པ་པོ་ཁག་ཅིག་གི་བརྩམས་ཆོས་ཀྱི་སྒྱུ་རྩོམ་དང་བསམ་བློའི་སྐོར་ཡང་ཅུང་གླེང་བར་བྱའོ།

 

ཀ༽ རྩོམ་རིག་གི་རྒྱབ་ལྗོངས་མི་འདྲ་བ་གསར་བ་གཉིས།

 

          རྒྱབ་ལྗོངས་གཅིག་ནི། ༡༩༥༡ལོར་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་ཞི་དྲག་གཉིས་ཀྱི་སྒོ་ནས་བཙན་འཛུལ་བྱས་ཏེ་ཁྲག་མདོག་གི་དར་ཆ་དམར་པོས་གངས་རིའི་ཁ་དོག་བསྒྱུར་ཅིང། མར་ལེའི་ལྟ་བའི་མཚལ་ཆེན་གྱིས་བོད་མི་རིགས་ཀྱི་ཁ་བཏགས་དཀར་པོ་ལྟ་བུའི་སེམས་ཁམས་བསླད་པར་བྱས་པ་སྟེ། དྲག་པོའི་མེ་མདའ་དང་ཞི་བའི་གཡོ་འཛུམ་གྱིས་དབང་ཤུགས་དང་བསམ་བློ། རིག་གནས་ཀྱི་བཙན་འཛུལ་རིམ་པར་བཏང་ནས་བོད་རང་གི་ཡོད་ཚད་རྙིང་དྲི་ཁ་བའི་ཕན་མེད་གནོད་བྱེད་ཀྱི་གད་སྙིགས་དང། དམར་པོའི་གསར་བརྗེ་ནི་ཀུན་སྙོམ་ཀུན་ཕན་གྱི་ནོར་བུ་རིན་པོ་ཆེ་ཞིག་ཡིན་པའི་འུད་སྒྲོགས་ཀྱིས་བདག་དང་བདག་འདྲ་བའི་གཞོན་སྐྱེས་རྣམས་ཀྱི་སེམས་ལ་ཁྲག་དར་དམར་པོས་ཡོངས་སུ་བཏུམས་ཏེ་འཇིགས་སྣང་དང། མགོ་འཁོར། རབ་རིབ་ཀྱི་ལམ་བུར་ཁ་བསྐོར་ཡོད། དེ་བས་ཁོ་བོ་ཡང་སློབ་མ་ཡིན་དུས་ལིན་དགག་ཁུན་དགག་གི་རྩོམ་ཡིག་དང། ཏིང་ཞོ་ཕིང་ལ་དགག་རྒྱག་རྩོམ་ཡིག མི་བཞི་ཚོགས་ཁག་ལ་དགག་རྩོམ། མའོ་ཀྲུའུ་ཞི་ལ་བསྟོད་པ། གུང་ཁྲན་ཏང་ལ་བསྟོད་པ། ཧྭ་ཀྲུའུ་ཞི་ལ་བསྟོད་པ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་མང་ཚོགས་ལ་ཀློག་འདོན་དང། སྦྱར་ཡིག་འབྲི་བ་སོགས་ཕ་མས་ཅི་གསུང་དེ་སྒྲུབ་ཀྱི་ཚུལ་དུ་ཆབ་སྲིད་སློབ་སྦྱོང་དང་ཆབ་སྲིད་རྩོམ་ཡིག་འབྲི་ཀློག་གིས་སློབ་མཐར་ཕྱིན་པ་ཡིན།

རྒྱབ་ལྗོངས་གཉིས་པ་ནི། བཙན་འཛུལ་དམར་པོའི་རྒྱབ་རི་དེའི་མཚང་རིག་ཅིང་ཞེན་པ་ལོག ཞེད་སྣང་སྐྱེས་ཏེ་ཧི་མ་ལ་ཡའི་ཚུ་རོལ་འདིར་བཙན་བྱོལ་ལ་འབྱོར་པའི་སྔོན་མའི་བོད་མི་འབུམ་ལྷག་དང། དེའི་རྗེས་རིམ་པས་གསར་དུ་བཙན་བྱོལ་ལ་ཡོང་བའི་གཞོན་སྐྱེས་གུང་ཁྲན་དམར་པོའི་དར་ཆའི་འོག་ནར་སོན་ཞིང་ཡུན་རིང་ལ་དམར་པོའི་དར་ཆར་དུང་ཞེན་ཟབ་མོས་ཁ་ཡག་ངོ་དགའི་བསྟོད་གླུ་ལེན་བླང་བའི་བདག་དང་བདག་འདྲ་བ་དག་གིས་རྒྱ་གར་དང་འཛམ་གླིང་གི་འཕོ་འགྱུར་གསར་བ་མཐོང་ཞིང། རང་དབང་དང་དམངས་གཙོའི་འཚོ་ལམ་ཐོབ་ནས། འཚེ་མེད་ཞི་བ་དང་དྲང་བདེན་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་བ་རྙེད་པའི་དེང་རབས་རྒྱལ་སྤྱིའི་རྒྱབ་ལྗོངས་བརྗིད་ཉམས་ལྡན་པ་འདི་ལ་བརྟེན་ནས། སླར་ཡང་བདག་དང་བདག་འདྲ་བ་དག་གིས། སྔོན་མའི་ཕྱིའི་ཆབ་དཔལ་རིག་གསུམ་གྱི་བཙན་འཛུལ་ཆེན་པོའི་རྒྱབ་ལྗོངས་ཡ་ང་བ་དེའི་མཚང་འདྲུ་བ་དང། མའོ་དང་གུང་ཁྲན་ལ་སྨད་ར་གཏོང་བ། རང་གི་མེས་པོའི་རྒྱལ་ཁབ་དང་མི་རིགས་དང་རིག་གཞུང་དང་བཅས་པའི་གཟི་བརྗིད་ལ་བསྔགས་པ། དོན་དངོས་ཀྱི་མི་རིགས་རང་དབང་དང། དམངས་གཙོའི་སྤྱི་ཚོགས། ཞི་བདེའི་འཚོ་བ་སོགས་གླེང་བའི་སྙུག་ཁའི་འོད་ཟེར་འཕྲོ་བཞིན་པ་འདི་ལགས་སོ།

 

ཁ། རྩོམ་རིག་གི་མདུན་ལྗོངས་སམ་ཁ་ཕྱོགས་མི་འདྲ་བ་གསར་བ་གཉིས།

 

          གཞིས་ལུས་རྩོམ་པ་པོ་རྣམས་ཀྱི་སྙུག་ཁ་ནི་དམར་པོའི་དར་ཆའི་སྐྱོད་ཕྱོགས་ཁོ་ནར་འཁྱུག་དགོས་ཏེ། དང་ཐོག་ཨན་ཡན་རིག་རྩལ་བཞུགས་མོལ་གྲོས་ཚོགས་ཐོག་མའོ་ཙེ་ཏུང་གིས། ཆབ་སྲིད་ཨང་དང་པོ་དང། རྩོམ་རིག་ཨང་གཉིས་པར་གཏན་འཁེལ་བཀས་བཅད་བྱས་པས། རྩོམ་རིག་དང་རིག་རྩལ་མཐའ་དག་གིས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་རྒྱུན་འཁྱོངས། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་ཏེ་ཆབ་སྲིད་ཀྱི་རྩ་དོན་བཞི་བོའི་དགོས་མཁོར་དམིགས་ནས་སྤེལ་དགོས། རྗེས་སུ་ཁོས་རྩོམ་རིག་གི་ཁ་ཕྱོགས་ཐད་དོན་ཚན་དྲུག་གཏན་འཁེལ་ཁྱབ་བསྒྲགས་བྱས་ཡོད་པ་ནི།

          ༡། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་བྱ་རྒྱུར་ཕན་པ་ལས་མི་དམངས་ཁ་བྲལ་དུ་གཏོང་བ་ཞིག་མིན་པ།

          ༢། སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་དང་སྤྱིོ་གས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་ཕན་པ་ལས་སྤྱི་ཚགས་རིང་ལུགས་ཀྱི་བསྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་གནོད་པ་ཞིག་མིན་པ།

          ༣། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དུ་གཏོང་རྒྱུར་ཕན་པ་ལས། དེར་གཏོར་བཤིག་ག ཡང་ན་དེ་ཉམས་ཞན་དུ་གཏོང་བ་ཞིག་མིན་པ།

          ༤། དམངས་གཙོ་གིག་སྡུད་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་རྒྱུར་ཕནཔ་ལས། དེར་གཏོར་བཤིག་གམ་ཡང་ན་དེ་ཉམས་ཞན་དུ་གཏོང་བ་ཞིག་མིན་པ།

          ༥། གུང་ཁྲན་ཏང་གི་འགོ་ཁྲིད་སྲ་བརྟན་དུ་གཏོང་རྒྱུར་ཕན་པ་ལས་དེ་ལས་བྲལ་བའམ་ཡང་ན་དེ་ཉམས་ཞན་དུ་གཏོང་བ་ཞིག་མིན་པ།

          ༦། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་སྤྱིའི་མཐུན་སྒྲིལ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེར་དགའ་བའི་མི་དམངས་ཀྱི་རྒྱལ་སྤྱིའི་མཐུན་སྒྲིལ་ལ་ཕན་པ་ལས་མཐུན་སྒྲིལ་དེ་དག་ལ་གནོད་པ་ཞིག་མིན་པ། ཞེས་འཁོད་ཡོད། དེ་དག་ཚང་མ་དམར་པོའི་གཞུང་འཛིན་གྱི་སྲིད་ཇུས་མུ་མཐད་ལམ་ལྷོངས་ཡོང་བར་ཕན་པ་གཙོ་བོར་དམིགས་པ་ཞིག་ཡིན་པས། ཆབ་སྲིད་ཨང་དང་པོའི་རྩ་དོན་འདི་ད་ལྟ་ཡང་འགྱུར་བ་སོང་མེད། ལས་ཅུང་ཟད་ཀྱང་འདའ་མེད།

          དེ་བས་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཀྱི་རྩ་བའི་མཛེས་དཔྱོད་ཕུགས་འདུན་ནི་གུང་ཁྲན་རིང་ལུགས་ཞེས་པའི་རྨི་ལམ་རབ་རིབ་ཅིག་གམ་སྨུག་ལུང་གི་མདུན་ལྗོངས་ཤིག་ལ་ཕྱོགས་ཏེ་ཆབ་སྲིད་ཀྱི་དགོས་མཁོའི་གཞན་དབང་དུ་སོང་དང་འགྲོ་བཞིན་པ་ཡིན། དེ་བས་གཉིད་ལས་སད་དང་སད་བཞིན་པའི་རྩོམ་པ་པོ་ལ་ལས་སྙུ་གུ་དཔལ་འབྱོར་ལ་བརྗེས་པ་དང། ལ་ལས་སྙུ་གུ་དབང་ཐང་ལ་བརྗེ་བ། ལ་ལས་སྒྱུ་རྩལ་གྱི་སྦས་སྐོང་འོག་ན་རང་སེམས་ཀྱི་འོད་ཟེར་ཕྲ་མོ་རེ་སྤྲོ་བ་དང། ལ་ལ་ཞིག་གིས་སྙུ་གུ་ཕྲག་ལ་བཟུང་ནས་ཧི་མ་ལ་ཡའི་རྒྱབ་འདིར་རང་དབང་གི་སྨྲ་ལྕེ་གཡར་དུ་བཙན་བྱོལ་ལ་ཐོན་དང་འབྱོར་བཞིན་པའི་ངང་ཚུལ་འདིའོ།

          ང་ཚོའི་བཙན་བྱོལ་བའི་སྤྱི་ཚོགས་སྒྲིག་གཞི་འདི་ནི་ྋགོང་ས་མཆོག་གི་རླབས་ཆེན་ཐབས་མཁས་ཐུགས་རྗེའི་དབུ་ཁྲིད་འོག་གཞུང་དམངས་ཚང་མ་འཚེ་མེད་ཞི་བ་དང་དྲང་བདེན་འཐབ་རྩོད་ཀྱི་ལྷིང་འཇགས་ལམ་བུ་ཞིག་ལ་ཞུགས་ཏེ། བོད་མི་རིགས་ཀྱི་རང་དབང་བསྐྱར་གསོ་དང། དེ་ཡང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་འཐུས་ཚང་ཞིག་ལ་བརྟེན་ནས་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་སྤྱི་ཚོགས་ཞི་བདེ་བག་ཕེབས་འཛམ་གླིང་གི་ཞི་བའི་བསྟི་གནས་སམ་མི་ཡུལ་གྱི་ལྷ་ཡུལ་གསར་བ་ཞིག་ཡོང་བ་ཕུགས་འདུན་གྱི་སྙིང་བོར་བཅངས་པའི་ཆེས་ཡིད་དུ་འོང་བའི་ཁུ་སུམ་སྨན་ལྗོངས་ཀྱི་མདུན་ལྗོངས་ཤིག་ཡིན་པས་སུ་ཡང་དགའ་ལ་སུ་ཡང་སྨོན་པ་ཞིག་ཅིས་མིན། དེ་བས་ང་ཚོའི་སྙུག་རྩེ་ན་བཞད་པའི་མེ་ཏོག་ཀྱང་སྨན་ལྗོངས་འདི་ལས་བཏུས་ཤིང་མདུན་ལྗོངས་ལ་འཛུགས་པའི་རྩོམ་རིག་གི་སྣ་མང་མེ་ཏོག་ཉག་གཅིག་ཡིན་པས། ཧི་མ་ལ་ཡའི་ཕར་རྒྱབ་ཀྱི་ཆབ་སྲིད་སྙུག་ཐོགས་པ་ཁག་ཅིག་དང་མགོ་འཐོམས་སྙུག་ཐོགས་ཁག་ཅིག་དག་དང་འགལ་ཟླར་གྱུར་བའི་ཁ་ཕྱོགས་གཉིས་ཡིན།

 

ག དུས་དེབ་སོགས་རྩོམ་རིག་གི་གར་སྟེགས་གསར་བ།

 

          སྔོན་ཆད་མེད་པའི་རྩོམ་རིག་གི་དུས་དེབ་དང་ཚགས་པར་རིགས་མང་པོ་བཏོན་པ་དེས་རྩོམ་པ་པོ་གསར་བ་གསོ་སྐྱོང་དང་རྒྱ་ཆེ་བའི་ཀློག་པ་པོ་མང་པོར་བསམ་བློའི་འཚོ་བཅུད་གསར་བ་ཞིག་སྦྱིན་ཡོད་ལ། བོད་ཀྱི་དེང་རབས་རྩོམ་རིག་གི་བུ་མོ་ཟླ་རེར་ལོ་སྐྱེད་ཀྱིས་འཚར་བའི་ནང་གི་མཐུན་རྐྱེན་བཟང་ཤོས་དེ་ཡིན།

          དེ་ཡང་ཐོག་མར་༡༩༨༠ལོར་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་བཏོན་པའི་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽ད་བར་འདོན་ཐེངས་བརྒྱ་དང་སུམ་ཅུ་ལྷགདང། ༡༩༨༡ལོ་མཚོ་སྔོན་ནས་བཏོན་པའི་༼སྦྲང་ཆར༽ད་བར་ལ་འདོན་ཐེངས་བརྒྱད་ཅུ་ལྷགགཉིས་གཙོས་རིམ་བཞིན། གཞིས་རྩེ་ས་ཁུལ་གྱི་༼ཇོ་མོ་གླང་མ།༽ ལྷོ་ཁ་ཁུལ་གྱི་༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽ད་བར་ལ་འདོན་ཐེངས་བརྒྱད་ཅུ་ལྷག ལྷ་ས་གྲོང་ཁྱེར་གྱི་༼ལྷ་སའི་སྐྱིད་ཆུ༽ དམངས་ཁྲོད་རྩོམ་རིག་ཆེད་འགོད་༼སྤང་རྒྱན་མེ་ཏོག༽ད་བར་ལ་འདོན་ཐེངས་བརྒྱ་ལྷག དང་༼མང་ཚོགས་སྒྱུ་རྩལ༽ད་བར་ལ་འདོན་ཐེངས་བརྒྱད་ཅུཀན་ལྷོའི་༼ཟླ་ཟེར༽ད་བར་ལ་འདོན་ཐེངས་བདུན་ཅུ ༼གངས་དཀར་རི་བོ༽ ༼མཚོ་སྔོན་མང་ཚོགས་སྒྱུ་རྩལ༽ད་བར་ལ་འདོན་ཐེངས་བདུན་ཅུ་ལྷག ༼བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག༽ ༼གངས་ལྗོངས་རིག་གནས༽ ༼བོད་ལྗོངས་ཞིབ་འཇུག༽ད་བར་ལ་འདོན་ཐེངས་བརྒྱད་ཅུ་ལྷག ༼རི་བོ་ཉི་ཟླ༽སོགས་མངས།

          བཙན་བྱོལ་སྤྱི་ཚོགས་ནང་ལ་ཡང། ༡༩༩༠ལོར་བོད་འབྱོར་རྩོམ་པ་པོ་ཁག་ཅིག་གིས་ཐོག་མར་བཏོན་པའི་༼ལྗང་གཞོན༽ད་བར་ལ་འདོན་ཐེངས་༡༠རང་གཞུང་ཤེས་རིག་གི་ཕ་ཡུལ༽ད་བར་ལ་འདོན་ཐེངས་༡༠ ༼ཝཱར་ཎ་མཐོ་སློབ་ཀྱི་གངས་རྒྱུན༽འདོན་ཐེངས་ལྔ་པ་ནས་ཆད༩༤ལོར་འབྲས་སྤུངས་སྒོ་མང་གི་༼ལྡུམ་ར༽ད་བར་ལ་འདོན་ཐེངས༨༼རྩམ་པ༽ྃྃརྩོམ་རིག་ཚོགས་པས་༡༩༩༥ལོར་བཏོན་པའི་༼རྩམ་པ༽ད་བར་ལ་འདོན་ཐེངས༡༠༡༩༩༦ལོར་འབྲས་སྤུངས་བློ་གསལ་གླིང་གི་༼བློ་གསལ་རྩོམ་རིག་དགའ་ཚལ༽ ༡༩༩༨ལོར་འབྲས་སྤུངས་ཀྱི་༼ཤཱ༼འི་འོད་སྣང༽ ཕུག་རོན་དཀར་པོ་ཞི་བདེ་སྲུང་སྐྱོབ་ཚོགས་པའི་༼ཞི་བདེའི་མཆོད་སྤྲིན༽་ཞེས་པ་བཅས་རྒྱ་ཁྱབ་ཏུ་སྤེལ་བའི་རྩོམ་དེབ་ཁག་འགའ་དང། གཞན་ཡང་ཀིརྟི་བྱེས་པ་གྲྭ་ཚང་དང་བོད་གཞུང་སྨན་རྩིས་ཁང། ནོར་བུ་གླིང་ཁ། ས་རཱ་བོད་ཀྱི་མཐོ་སློབ་ཁང། ཤེས་རབ་དགའ་ཚལ་གླིང་ལ་སོགས་སློབ་གྲྭ་ཁག་སོ་སོའི་རྩོམ་རིག་དུས་དེབ་རིགས་བཅུ་ལྷག

 

རྩོམ་པ་པོའི་དཔུང་སྡེ་མི་འདྲ་བ་གསར་བ་གཉིས།

 

          སྔོན་མའི་དུས་ཀྱི་རྩོམ་འབྲི་བ་ཕལ་མོ་ཆེ་དགོན་སྡེ་ཁག་ནས་ཐོན་པའི་ཆོས་ལུགས་མི་སྣ་དང་སྡེ་དཔོན་སྐུ་དྲག་གི་རིགས་ཡིན་ལ། བུད་མེད་རྩོམ་བྲི་བ་ཧ་ཅང་ཉུང། དེང་རབས་རྩོམ་པ་པོའི་དཔུང་སྡེ་ནི་སྔོན་མའི་ཆོས་ལུགས་མི་སྣ་དང་སྐུ་དྲག་རིགས་ཀྱི་ཐོག མི་སྐྱ་དང་མི་དཀྱུས་མའི་རྩོམ་པ་པོ་མང་པོ་ཡོད་ལ། བུད་མེད་རྩོམ་པ་པོ་ཡང་གང་འཚམ་འབྱུང་བཞིན་ཡོད། དེ་དག་ལས་རིགས་ཀྱི་དབང་དུ་བྱས་ན། ཆོས་ལུགས་མི་སྣ། དགེ་རྒན། ཞིབ་འཇུག་པ། སྨན་པ། ལས་བྱེད་པ། སློབ་མ། འབྲོག་པ། ཞིང་པ། བཟོ་བ། ཚོང་པ་སོགས་ལས་རིགས་སྣ་ཚོགས་དང། དེ་རྣམས་ཀྱང་གོ་གནས་ཆེ་འབྲིང་ཆུང་གསུམ། ཤེས་ཡོན་ཆེ་འབྲིང་ཆུང་གསུམ། དབུལ་ཕྱུག་རབ་འབྲིང་ཐ་གསུམ། ལོ་ན་རྒན་དར་གཞོན་གསུམ་བཅས་མི་སྣ་ཚོགས་ལས་གྲུབ་པའི་དཔུང་སྡེ་རྒྱ་ཆེན་པོ་ཞིག་ཆགས་བཞིན་ཡོད། དེ་ཡང་ད་བར་བཏོན་པའི་མང་ཆར་དུས་དེབ་གཅིག་པུར་མཚོན་ན་རྩོམ་པ་པོ་ཆིག་སྟོང་ལྷག་བྱུང་ཡོད།

          རྩོམ་པ་པོའི་དཔུང་སྡེ་དེ་ཡང་གོང་གི་རྒྱབ་ལྗོངས་མི་འདྲ་བ་གཉིས་དང་མདུན་ལྗོངས་མི་འདྲ་བ་གཉིས་ཀྱིས་གུང་ཁྲན་གཞུང་དགའི་ལྡོག་ཕྱོགས་རྩོམ་མཁན་ཚོགས་ཁག་དང་དེའི་ཅིག་ཤོས་ང་ཚོ་དྲང་ཕྱོགས་རྩོམ་མཁན་གྱི་ཚོགས་ཁག་མི་མཐུན་པ་གཉིས་སུ་གྱེས་ཡོད་པ་བཤད་ཅི་དགོས། འོན་ཀྱང་ལོ་རེ་ནས་ལོ་རེ་བཞིན་དུ་ལྡོག་ཕྱོགས་རྩོམ་པ་པོའི་ཚོགས་མི་ཇེ་ཉུང་དང་དྲང་ཕྱོགས་རྩོམ་པ་པོའི་དཔུང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་ཆེས་དགའ་འོས་པ་ཞིག་ཡིན་ལ། དེ་ནི་རྩོམ་པ་པོ་རྣམས་ཀྱི་ཁྱད་པར་བའི་རྣམ་དཔྱོད་ཀྱི་ཚོར་ཤེས་ཟབ་པས་དམིགས་བསལ་གྱི་འོས་འགན་ངོས་ལེན་ཐུབ་པ་ཞིག་དང། གཟི་བརྗིད་ཀྱི་གསེར་སྙུག་ཕྱར་ནས་རླབས་ཆེན་གྱི་འོད་རིས་བཞེངས་དགོས་པའི་དྲང་བདེན་གྱི་འཐབ་མོ་བ་དཔའ་བོ་ཚོའི་བརྟུལ་ཞུགས་འཆང་བའི་དན་རྟགས་ཤིག་ཀྱང་ཡིན་ནོ།

ཅ། རྩོམ་རིག་གི་མཚོན་ཐབས་སྒྱུ་རྩལ་གསར་བ།

 

          རྩོམ་པ་པོའི་དཔུང་སྡེ་གསར་བ་འདིའི་ནང་དུ་སྔོན་མའི་སྲོལ་རྒྱུན་སྙན་དངགས་པ་དང། དེང་རབས་སྙན་དངགས་པ། དེང་རབས་སྒྲུང་རྩོམ་པ། དེང་རབས་ལྷུག་རྩོམ༌། དེང་རབས་ཟློས་གར་འཁྲབ་གཞུང་རྩོམ་པ་པོ། རྩོམ་རིག་དཔྱད་བརྗོད་པ་བཅས་ཆེད་ལས་རྩོམ་མཁན་རིགས་ཀྱང་མི་ཉུང་བ་ཞིག་ཡོད་པས། དངོས་ཡོད་རིང་ལུགས་པ་དང་མཚོན་བྱེད་དམ་བསྡུས་བརྗོད་རིང་ལུགས་པ། འཆར་ཡན་རིང་ལུགས་པ་སོགས་ཀྱི་རྩོམ་སྲོལ་བརྩམས་སྒྲུང་རིགས་དང། སེམས་ཀྱི་ཉམས་སྣང་སྟོན་པའི་སྙན་དངགས་གསར་བ། ལྷུག་རྩོམ་གསར་བ། འཁྲབ་གཞུང་གསར་བ་བཅས་མཚོན་ཐབས་གསར་བ་དང་སྒྱུ་རྩལ་ཚད་མཐོའི་རྩོམ་རིག་གི་རྣམ་པ་གསར་བ་ཞིགཧདར་ཁྱབ་བྱུང་བས། རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་གཞུང་ལུགས་གསར་བ་ཡང་འབྱུང་བཞིན་ཡོད། དེ་བས་ང་ཚོའི་དེང་རབས་རྩོམ་རིག་གི་དབྱར་དཔལ་རྒྱས་ནས་འབྲས་ལྡན་སྟོན་གྱི་དུས་ཚིགས་འགོ་ཚུགས་ཡོད་ཅེས་བཤད་ཆོག

 

ཆ། རྩོམ་རིག་གི་བརྗོད་བྱ་སྣ་མང་གསར་བ།

 

          རྩོམ་རིག་ནི་སྒྱུ་རྩལ་གྱི་རང་བཞིན་ཆེས་ཆེར་ལྡན་པའི་རིག་རྩལ་ཞིག་བརྩམས་ཆོས་ཤིག་ཡིན་ན་ཡང། དེ་ནི་འཇིམ་པ་སོགས་ཀྱིས་བཟོས་པའི་གསོབ་གཟུགས་ལྟ་བུ་ཞིག་མིན་པར་སྲོག་དང་ལྡན་པའི་དངོས་གཟུགས་ཡ་མཚན་པ་ཞིག་དང་འདྲ་སྟེ། ང་ཚོས་སྒྱུ་རྩལ་གྱི་བྲོ་བ་མྱོང་རྒྱུ་ལས་གཞན་སྤྱི་ཚོགས་ཀྱི་འཚོ་བ་དང་རྩོམ་མཁན་གྱི་བསམ་བློའི་རང་བཞིན་ཡང་མཐོང་ཐུབ། གལ་ཏེ་རྩོམ་རིག་ལ་ཕྱོགས་ལྷུང་རང་བཞིན་གྱི་ལྟ་བ་ཞིག་མེད་ན་དེ་ནི་སྤྱིར་བཏང་གི་སྒྱུ་རྩལ་ཙམ་ལས་གང་ཡང་མིན། དེས་ན་དེང་རབས་རྩོམ་རིག་བརྩམས་ཆོས་ནང་དུ་ཡང་སྙིང་ཅི་ཞིག་བཤད་ཀྱིན་ཡོད་པ་དེ་རྟོགས་རྒྱུ་ཧ་ཅང་གལ་ཆེ།

          ཀ བོད་ནང་གི་ད་སྔ་བར་གྱི་རྩོམ་རིག་བརྩམས་ཆོས་མཐའ་དག་གི་ནང་དོན་རྣམས་རིགས་མཐུན་ཕྱོགས་བསྡུས་ཀྱིས་བཤད་ན། ༡།གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་བསྟོད་པ། ༢།ཚན་རིག་དང་གསར་བརྗེ་ལ་དགའ་ཞེན། ༣།དེང་རབས་ཀྱི་འཚོ་བ་ལ་སྨོན་པ། ༤།བོད་ཀྱི་སྣོད་བཅུད་དང་རིག་གནས་ལ་བསྟོད་པ། ༥།སྐྱེས་བུ་དམ་པ་རྣམས་ལ་བསྔགས་པ། ༦། མི་བཞི་ཤོག་ཁག་སོགས་ཆབ་སྲིད་ཉེས་དོན་ཅན་དག་ལ་སྨོད་པ། ༧། བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆབ་སྲིད་ལམ་ལུགས་སོགས་ལ་སྐྱོན་བརྗོད་པ། ༨།དབྱིན་ཇི་དང་རྒྱ་ནག་མཱ་ཇག་གིས་བོད་ལ་བཙན་འཛུལ་བཅོམ་འཕྲོག་བྱས་པའི་ལོ་རྒྱུས་སྐྱོ་གར་གྱི་ཤ་འཁོན། ༩།རིག་གནས་གསར་བརྗེའི་རླུང་ནག་འཚུབ་མས་བོད་ཀྱི་ཡོད་ཚད་གཙང་ཕྱགས་བྱས་པའི་ཕམ་ཁའི་སེམས་རྨ། ༡༠།རྒྱ་བོད་སོགས་དཔོན་ངན་སྒེར་སེམས་ཅན་དག་ལ་ཟུར་ཟ། ༡༡།དམར་པོའི་ལྟ་བ་དང་ལག་ལེན་གོ་ལྡོག་ལ་ཟུར་ཟ། ༡༢།ནང་བསྟན་ཚོས་ལུགས་དང་དེའི་བག་ཆགས་ལ་དགག་པ། ༡༣།མི་ཆོས་བླ་མའི་རྫུན་མཚང་འབྱིན་པ་སོགས་ཆོས་ལུགས་མི་སྣར་སྐྱོན་བརྗོད། ༡༤།རྨོངས་དད་ཅན་གྱི་ལྟ་སྤྱོད་ལ་ཟུར་ཟ། ༡༥།གསར་བརྗེ་ལ་མི་དགའ་བའི་རྙིང་ཞེན་མཁྲེགས་འཛིན་གྱི་བསམ་བློར་རྡུང་རྡེག༡༦།རང་དབང་མེད་པའི་སྲོལ་རྒྱུན་གྱི་གཉེན་སྒྲིག་ལམ་ལུགས་ལ་སྐྱོན་བརྗོད། ༡༧།མགར་བ་སོགས་ལ་བརྙས་པའི་རིགས་རུས་མཆོག་དམན་གྱི་ལྟ་ངན་ལ་དགག་པ། ༡༨།བུད་མེད་ལ་མཐོང་ཆུང་གི་སྲོལ་རྒྱུན་ལྟ་ཚུལ་ལ་སྐྱོན་བརྗོད། ༡༩།ཤེས་བྱ་ཡོན་ཏན་སློབ་པར་མི་དགའ་བའི་འགོག་རྐྱེན་ལ་སྐྱོན་བརྗོད། ༢༠།ཆང་རག་སོགས་བག་མེད་ལོངས་སྤྱོད་ཀྱི་བྱ་བར་སྐྱོན་བརྗོད། ༢༡།བོད་མི་ནང་ཁུལ་རྩྭ་ས་རྩོད་གླེང་གི་དམེ་འཁྲུག་ལ་མཚང་འདྲུ་བ། ༢༢།ཁོར་ཡུག་སྲུང་སྐྱོབ་ལ་འབོད་བསྐུལ། ༢༣།དཔལ་འབྱོར་ཡར་རྒྱས་ལ་རེ་བསྐུལ། ༢༤།ཕོ་མོའི་བརྩེ་དུང་དང་རང་དབང་གི་འཚོ་བར་རེ་སྨོན། ༢༥།མི་རིགས་ཀྱི་མདུན་ལྗོངས་ལ་སེམས་འཁུར། ༢༦།ལོ་རྒྱུས་ཀྱི་ཆག་གྲུམ་ལ་འཁང་ར། ༢༧།ཡུལ་གྱར་བོད་རིགས་སྤུན་ཟླ་ཚོར་གདུང་སེམས་དང་རེ་ལྟོས་བཅོལ་བ། ༢༨།ཐ་ན་རྒྱ་གཞུང་ལ་ཟུར་ཟ་བྱེད་པ་སོགས་མདོར་ན། ཆབ་སྲིད། ཆོས་ལུགས། དཔལ་འབྱོར། རིག་གནས། ཡུལ་སྲོལ། མི་གཤིས་རང་བཞིན་སྨྲ་བ་དམན་སྤྲང་པོ་ནས་མཐོ་བླ་མ་དཔོན་པོའི་བར་གྱི་བདེ་སྡུག་གི་འཚོ་བ་བརྗོད་བྱ་བྱས་པའི་བརྩམས་ཆོས་སྣ་མང་ཕུན་སུམ་ཚོགས་པ་ཞིག་བྱུང་འདུག

          ཁ། བཙན་བྱོལ་སྤྱི་ཚོགས་ནང་དུ།

          ༡།ྋགོང་ས་མཆོག་དང་དམངས་གཙོའི་སྤྱི་ཚོགས་ལམ་ལུགས་ལ་བསྟོད་པ།༢།ནང་ཆོས་དང་རང་གི་རིག་གནས་ལ་བསྔགས་པ། ༣།རྒྱལ་གཅེས་དཔའ་བོར་བསྟོད་པ། ༤།བོད་རང་བཙན་འཐབ་རྩོད་ཀྱི་གླུ་སྒྲ། ༥།བོད་རྒྱ་ཞི་མོལ་ལ་ཡིད་ཆེས། ༦།འཚེ་མེད་ཞི་བདེའི་ཁ་གཡང། ༧།རང་དབང་གི་དགོད་སྒྲ ༨།འཚོ་བའི་དཀའ་ངལ་སོགས་མི་ཡུལ་གྱི་མིག་ཆུ། ༩།འཆར་ལྡན་བུ་སྐྱེའི་གཡོ་ཇུས་ལ་ཐེར་འདོན་དང། རྩྭ་ས་རྩོད་གླེང་ཡོང་བའི་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང་ངན་འབྲས་སོགས་བོད་ནང་གི་སྡུག་ཡུས་བགྲང་བ། ༡༠།རྒྱ་ནག་སྲིད་གཞུང་གི་སྐྱོན་མཚང་འབྱིན་པ། ༡༡།ཐེ་ཝན་གྱི་ཕོགས་གཟན་ཚོར་མཚང་འདྲུ། ༡༢།ཡོད་ཚད་ཨ་སྒོར་ལ་བརྗེ་བའི་བག་མེད་བསམ་སྤྱོད་རིགས་ལ་དགག་རྒྱག ༡༣།སྲིད་དོན་འཁྲབ་སྟོན་པ་ཁག་ཅིག་ལ་ཟུར་ཟ། ༡༤།གྲྭ་བཙུན་གྱི་འཚོ་གནས། ༡༥།དོལ་རྒྱལ་བསྟེན་པའི་ཆོས་ལོག་སྤྱོད་མཁན་ཚོར་སློབ་གསོ། ༡༦།འཛམ་གླིང་རྒྱལ་སྤྱིའི་མི་སྣ་དང་ཁོར་ཡུག་སོགས་བརྗོད་བྱ་སྣ་ཚོགས་པ་ཇེ་མང་ཇེ་ཕྱུག་ལ་འགྲོ་བཞིན་ཡོད།

 

ཇ། དེང་རབས་རྩོམ་པ་པོའི་དཔེ་དེབ་གསར་སྐྲུན།

 

དང་པོ། བོད་ནང་དུ་དཔར་སྐྲུན་བྱས་པའི་དེབ་ཁག་ཅིག

ཀ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་རྩོམ་རིག་དཔེ་དེབ།

༡༩༨༣ལོར་༼སྒྲུང་ཐུང་བདམས་བསྒྲིགས༽

༡༩༨༥ལོ་ནས་གླང་བདུན་དཔལ་འབྱོར་གྱི་སྒྲུང་རིང་༼གཙུག་གཡུ༽

༡༩༨༥ལོར་༼བོད་ཀྱི་སྙན་ཚིག་འདེམས་སྒྲིག༽ ༼བོད་ཀྱི་སྙན་ཚིག་འདེམས་སྒྲིག༽ ༼བོད་ཀྱི་བརྩམས་སྒྲུང་འདེམས་སྒྲིག༽ ༼བོད་ཀྱི་གཞས་མ་གཏམ་འདེམས་སྒྲིག༽ ༼བོད་ཀྱི་དམངས་ཁྲོད་སྒྲུང་གཏམ༽་ཞེས་པ་བཅས་གཏོན།

༡༩༩༡ ལོར་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་༼༼བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས༽༽་ཞེས་པའི་ནང། གཞོན་སྐྱེས་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་རྩོམ་ལྷན་བསྡེབས་༼ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས༽ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་བརྩམས་ཆོས་ལྷན་བསྡེབས ༼བསིལ་དུས་ཀྱི་བོད་ལྗོངས༽ ཨོ་རྒྱན་རྡོ་རྗེའི་བརྩམས་ཆོས་ལྷན་བསྡེབས༼མཐོ་སྒང་གི་རླུང༽ མཁས་གྲུབ་ཀྱི་སྙན་དངགས་ལྷན་བསྡེབས༼དུས་བཞིའི་བསོད་ནམས་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས༽ ཞེས་པའི་རྩོམ་དེབ་བཞི་དཔར་བསྐྲུན་གནང།

༡༩༩༢ལོར་སྒྲུང་རྩོམ་པ་བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་རིང་ཤོས་༼ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག༽

༡༩༩༣ལོར་དབང་ཕྱུག་ཚེ་བརྟན་གྱི་སྙན་ཚིག་དང་ལྷུག་རྩོམ་ཕྱོགས་བསྒྲིགས་༼ལང་ཚོ་ མིག་ཆུ༽

༡༩༩༤ལོར་བསོད་ཚེའི་༼བཞད་གད་དཔྱིད་ཀྱི་ཕོ་ཉ༽

༡༩༩༥ལོར་༼༼བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས༽༽་འདོན་ཐེངས་གཉིས་པ་བཏོན་པའི་ནང་དུ། སྙན་དངགས་པ་ལྷུན་གྲུབ་རྣམ་རྒྱལ་གྱི་༼ཀ་བཤད་བུང་བ་དགའ་ཚལ༽ སྙན་དངགས་པ་ཡེ་ཤེས་བསྟན་འཛིན་གྱི་༼བསླབ་བྱ་ནོར་བུའི་ཕྲེང་བ༽ སྒྲུང་རྩོམ་པ་བསྟན་པ་ཡར་རྒྱས་ཀྱི་༼བྱང་ཐང་གི་མཛེས་ལྗོངས༽ སྒྲུང་རྩོམ་པ་ལྷག་པ་དོན་གྲུབ་ཀྱི་སྒྲུང་འབྲིང་༼མི་མངོན་པའི་འཆིང་ཐག༽ དཔྱད་བརྗོད་པ་ཚེ་རྡོར་གྱི་༼སྐྱེད་མའི་བཀའ་དྲིན༽ དཔྱད་བརྗོད་པ་སྐལ་ཟང་ཡེ་ཤེས་ཀྱི་༼དཔྱད་བརྗོད་མཁས་པ་འཛུམ་ཤོར༽ བཅས་དེབ་དྲུག་ཡོད། གཞན་ཡང་ལོ་ཙཱ་བ་འཆི་མེད་རྡོ་རྗེའི་སྒྲུང་འབྲིང་༼རླུང་ནག་ཁྲོད་ཀྱི་བྱ་རྒོད༽ བཀྲ་ཤིས་ཚེ་རིང་གི་ལྷུག་རྩོམ་སོགས་༼སྙིང་སྡུག་མཛའ་མོ་དྲན་གླུ༽

༡༩༩༦ལོར་ཕུལ་བྱུང་རྩོམ་པ་པོ་རྡོ་རྗེ་ཚེ་རིང་གི་༼ལྗང་བུའི་རྩོམ་བཏུས་སྙན་ངག་དེབ༽

༡༩༩༧ལོར་ཡང་ཁོང་གི་༼ལྗང་བུའི་རྩོམ་བཏུས་ལྷུག་རྩོམ་དེབ༽ དབང་རྡོར་གྱི་སྒྲུང་རིང་༼བཀྲས་ཟུར་ཚང་གིགསང་བའི་གཏམ་རྒྱུད༽དང། ཕུན་ཚོགས་བཀྲ་ཤིས་ཀྱི་སྒྲུང་རྩོམ་༼སྲིད་ཆོས་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས༽ བློ་གྲོས་རྒྱ་མཚོའི་༼གངས་ལྗོངས་བསྟོད་གླ༽སོགས་བཏོན།

༢༠༠༡ལོར་མཁས་གྲུབ་ཀྱིབརྩམས་ཆོས་སྣ་འདུསཧ༼ཡར་ཀླུང་གླུ་གསར༽

ཁ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་རྩོམ་དེབ།

༡༩༨༡ལོར་ཕུལ་བྱུང་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྱུ་རྩོམ་སྣ་འདུས་༼འབོལ་རྩོམ་ཞོགས་པའི་སྐྱ་རེངས༽

༡༩༨༤ལོར་དོན་གྲུབ་རྒྱལ་གྱིས་བདམས་བཀོད་གནང་༼སྒྲུང་རྩོམ་ཕྱོགས་བསྒྲིགས་མེ་ཏོག་ཕྲེང་མཛེས༽

༡༩༨༧ལོར་གླུ་དབྱངས་ཕྱོགས་བསྒྲིགས་༼ཀ་ལ་པིང་ཀའི་སྒྲ་དབྱངས༽

༡༩༩༤ལོར་འཇུ་སྐལ་བཟང་གིསྙན་དངགས་ཕྱོགས་བསྒྲིགསཧ༼གངས་འདབ་ཀྱི་སེམས་པ༽

༡༩༩༨ལོར་ཨ་ལགས་དོར་ཞིའི་སྙན་དངགས་སོགས་ལྷན་བསྡེབས༼་དོར་ཞིའི་གསུང་རྩོམ་ཐོར་བུ༽

༡༩༨༩ལོར་གནའ་ནས་ད་བར་གྱི་མཁས་པའི་སྙན་རྩོམ་ཕྱོགས་བསྒྲིགས་སྟོད་བར་སྨད་ཆ་གསུམ་ཡོད་པའི་༼གངས་ལྗོངས་མཁས་པ་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་མམ་བུ༽

༡༩༩༡ལོ་ནས་༩༣བར་ལཧབོད་ཆོལ་ཁ་གསུམ་གྱི་རྩོམ་རིག་དུས་དེབ་ཕལ་མོ་ཆེའི་ནང་གི་ལེགས་རྩོམ་བདམས་བསྒྲིགས༼བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས༽ཞེས་པའི་ནང་དུ། བརྩམས་སྒྲུང་གྲངས་བདུན་ཅུ་ལྷག་བདམས་བསྒྲིགས་ཀྱི་༼རྟ་ནག་སྒྲོག་འགྲོས༽་དང་༼གཙང་བོའི་ཕ་རོལ༽ ༼གཞིས་བྱེས་མཉམ་འཛོམས༽ གསུམ། དེང་རབས་རང་མོས་སྙན་དངགས་བདམས་བསྒྲིགས་༼ལང་ཚོའི་རྦབ་ཆུ༽་དང། དོན་བརྗོད་སྙན་དངགས་བདམས་བསྒྲིགས་༼གསེར་གྱི་གདུ་བུ༽ སྲོལ་རྒྱུན་སྙན་དངགས་བདམས་བཀོད་༼སྤྲིན་གྱི་སྒྲ་དབྱངས༽ ལྷུག་རྩོམ་བདམས་བསྒྲིགས་༼ཁ་བའི་རྣམ་ཤེས༽ ཟློས་གར་འཁྲབ་གཞུང་བདམས་བསྒྲིགས་༼ལྷོ་ཡི་དྲི་བཞོན༽ རྩོམ་རིག་གཞུང་ལུགས་སྐོར་༼སྙན་ངག་གི་རྣམ་བཤད༽ རྩོམ་རིག་བརྩམས་ཆོས་དཔྱད་རྩོམ་བདམས་བསྒྲིགས་༼རྩོམ་དཔྱད་གཏམ་ཚོགས༽བཅས་དེབ་གྲངས་བཅུ་རིམ་བཞིནབཏོན་

༡༩༩༦ནས་མདོ་སྨད་ཀྱི་དམངས་ཁྲོད་ངག་རྒྱུན་རྩོམ་རིག་ཕྱོགས་བསྒྲིགས༼ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས༽ཞེས་པ་དེབ་གྲངས་བཅུ།

༢༠༠༡ལོར་ལོ་ངོ་ཉི་ཤུའི་རིང་གི་མང་ཆར་དུས་དེབ་བརྒྱད་ཅུ་ལྷག་ནང་གི་ལེགས་རྩོམ་བདམས་བསྒྲིགས༼སྦྲང་ཆར་ལོ་འཁོར་༢༠དེབ་ཚོགས༽ཞེས་པའི་ནང་དུ། ༼སྒྲུང་གཏམ་རླབས་ཀྱི་གཟེགས་མ༽སྟོད་སྨད་གཉིས་དང༌།༽ ༼སྙན་རྩོམ་ཅོ་ཀའི་དྲུག་འགྱུར༽སྟོད་སྨད་གཉིས། ༼ལྷུག་རྩོམ་པདྨའི་ཟེ་འབྲུ།༽ ༼དཔྱད་རྩོམ་ཚངས་པའི་ཐིག་རིས༽ ༼བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས༽ ༼རྩོམ་ཡིག་གསེར་གྱི་མམ་བུ༽བཅས་དེབ་གྲངས་བརྒྱད།

ག མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་རྩོམ་དེབ།

༡༩༨༢ལོར་འཇམ་དཔལ་རྒྱ་མཚོའི་སྒྲུང་འབྲིང་༼སྐལ་བཟང་མེ་ཏོག༽

༡༩༨༣ལོར་སྒྲུང་སྙན་ཟློས་གསུམ་བདམས་བཀོད་༼གསར་བཞད་མེ་ཏོག་ཚོམ་བུ༽་དེབ་དང་པོ།

༡༩༨༨ ལོར་རེབ་གོང་རྡོ་རྗེ་མཁར་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས་༼བརྩམས་སྒྲུང་མེ་ཏོག་ཕྲེང་བ༽

༡༩༨༩ལོར་མཚོ་ནུབ་བོད་སོག་རང་སྐྱོང་ཁུལ་གྱི་སྒྲུང་སྙན་ཧུག་གསུམ་བདམ་བཀོད་༼འབྲོག་ཡུལ་གྱི་འཆར་ཀའི་རོལ་མོ༽ སྙ་ཚིག་བདམས་བཀོད་༼སྙན་ཚིག་བུང་བའི་དགའ་ཚལ༽

༡༩༩༠ལོར་སྒྲུང་རྩོམ་ཕྱོགས་བསྒྲིགས་༼གསར་བཞད་མེ་ཏོག་ཚོམ་བུ༽དེབ་གཉིས་པ། ༼དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲགས༽ གཅོད་པ་དོན་གྲུབ་ཀྱི་སྙན་རྩོམ་༼སྙིང་གཏམ་ཤེལ་དཀར་མེ་ལོང༽

༡༩༩༢ལོར་བརྩམསསྒྲུང་ཆེད་བསྒྲིགས་༼གསར་བཞད་མེ་ཏོག་ཚོམ་བུ༽་དེབ་གསུམ་པ།

༡༩༩༣ལོར་ཀན་ལྷོ་ཁུལ་གྱི་སྒྱུ་རྩོམ་སྣ་འདུས་༼སྤང་རྒྱན་མེ་ཏོག༽

༡༩༩༤ལོར་མཚོ་ནུབ་ཁུལ་རིག་རྩལ་ལྷན་ཚོགས་ནས་རང་ཁུལ་རྩོམ་པ་པོའི་རྩོམ་རིག་ཕྱོགས་བསྒྲིགས༼ཚྭ་འདམ་ཞོགས་པའི་མཚམས་སྤྲིན༽

༡༩༩༦ལོར་ཉྭ་ནག་པ་བ་རེས་ཀྱི་སྙན་དངགས་༼མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས༽

༡༩༩༧ལོར་༼དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ༽ཞེས་པ་རྩོམ་རིག་སོགས་བརྩམས་ཆོས་པོད་དྲུག

༡༩༩༨ལོར་སྙན་དངགས་པ་ལྷ་རྒྱལ་ཚེ་རིང་གི་སྙན་དངགས་༼སྐྱ་རེངས་ལྷ་མོའི་འབོད་བརྡའ༽ དང་གཡུ་སྒང་འཇིགས་རྡོའི་སྙན་རྩོམ་༼ལུང་སྟོང་ཕྱུགས་རྫིའི་གླུ་དབྱངས༽ དགའ་འཇམ་དབྱངས་ཡེ་ཤེས་ཀྱི་སྙན་རྩོམ་༼ལྷ་ལྡན་ཡུལ་ལ་འབུལ་བའི་གླུ༽

སྤང་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་༼བོད་ཀྱི་དགོད་གཏམ་ཕྱོགས་བསྒྲིགས༽

ང། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་རྩོམ་དེབ།

༡༩༩༥ལོར་ཁྱུང་ཐར་རྒྱལ་གྱི་སྙན་དངགས་༼ཁ་བ་དཀར་པོ༽

༡༩༩༦ལོར་ཉི་ཟླ་ཧེ་རུ་ཀའི་སྙན་དངགས་༼ངས་ཁྱེད་རང་ཁུ་སིམ་མེར་བཞག༽ དང༌། གཅོད་པ་དོན་གྲུབ་དང་རྡོ་རྗེ་ཚེ་རིང་གི་སྙན་རྩོམ་༼གངས་རིའི་བརྩེ་དུང༽

 

གཞན་ཡང། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༡༩༨༤ལོར་བཏོན་པ་འཇམ་དཔལ་རྒྱ་མཚོའི་སྒྲུང་འབྲིང་༼སྒྲུང་མཁན་ཞིགགི་གཏམ་རྒྱུད༽ ༡༩༩༧ལོར་བཏོན་པའི་ནག་པོ་སྐལ་བཟང་གི་སྒྲུང་རིང་༼ཀླུ་འབུམ་མི་རྒོད༽

ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པ་སྙན་དངགས་པ་རེབ་གོང་རྡོ་རྗེ་མཁར་གྱི་སྒྲུང་རིང་༼རྣམ་ཤེས་ཀྱི་དགོད་སྒྲ༽

༢༠༠༡ དང༢༠༠༢ལོར་ཞིང་ཀང་གྱི་ལིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་༼མེས་པོ༽ ་དང་༼སྨུག་པ༽གཉིས།

༢། བཙན་བྱོལ་ནང་ནས་གསར་སྐྲུན་བྱས་པའི་རྩོམ་དེབ།

ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བཏོན་པའི་༼ཉག་རོང་གཏམ་རྒན༽ སྐུ་ཞབས་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་༼ལང་ཚོའི་རྦབ་ཆུ༽ དཔལ་ལྡན་རྒྱལ་གྱི་སྙན་དངགས་ཕྱོགས་བསྒྲིགས་༼མཆོད༽ རྩོམ་རིག་སྨྲ་བ་པད་མ་འབུམ་གྱི་རྩོམ་དཔྱད་༼མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང༽ བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་༼དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཐུན་གཅིག༽ ཤེས་རིག་ལས་ཁུངས་ནས་བཏོན་པའི་ཆུ་སྐྱེས་སྒྲོལ་མའི་༼སྤྲིན་བྲལ་ཟླ་བའི་འཛུམ་རླབས༽ གཞན་ཡང་དཔའ་ཐུབ་བསྟན་དངོས་གྲུབ་ལགས་སུ་ཕུལ་བའི་༼མཆོད་མེ༽ ྋརྒྱལ་བ་པཎ་ཆེན་རྣམ་གཉིས་ལ་མཆོད་པའི་༼དད་དུང་ཉི་ཟླའི་མཆོད་ཕྲེང༽ྋརྒྱལ་དབང་ཀརྨ་བ་མཆོག་ལ་ཕུལ་བའི་༼སྙན་རྩོམ་ལྷན་བསྡེབས་དད་པའི་མེ་ཏོག་གི་འདབ་སྟོང༽ སོགས་ཡོད།

བོད་ཀྱི་དུས་བབ་ཁང་ནས་བཏོན་པ་པད་མ་ཚེ་དབང་གི་ཚོད་ལྟའི་སྒྲུང་འབྲིང་༼ནུབ་ཀྱི་གྲང་ངར་དང་ཤར་གྱི་དྲོད་འཇམ༽་དང་༼མི་ཚེའི་མངར་སྐྱུར་བྲོ་བ༽ ཞེས་པའི་སྒྲུང་རིང་གཉིས། ས་རཱ་བོད་ཀྱི་མཐོ་སློབ་ཁང་ནས་བཏོན་པའི་ཆབ་བྲག་ལྷ་མོ་སྐྱབས་ཀྱི་སྒྱུ་རྩོམ་ཕྱོགས་བསྒྲིགས༼དབྱངས་ཅན་སྤྲུལ་བའི་གླེགས་བམ༽་པོད་གསུམ། རྔ་བ་བློ་བརྟན་གྱི་སྙན་རྩོམ་ཕྱོགས་བསྒྲིགས༼ལྕི་བའི་གཏམ་གླེང༽ ཡུལ་གྱར་སྤུན་ལྔའི་སྙན་དངགས་༼ཅོངསྒྲ༽

དེ་མིན་རྩོམ་པ་པོ་རང་སྒེར་ངོས་ནས་བཏོན་པའི་རྩོམ་དེབ་རིགས་ནི། བྱ་འཕུར་ནམ་མཁའ་རྒྱལ་མཚན་གྱི་སྙན་དངགས་ཧོར་གཙང་འཇིགས་མེད་ཀྱི་༼རྐང་དྲུག་མྱོས་པའི་གླུ་དབྱངས༽སོགས་སྙན་དེབ་བཞི་དང། དེང་རབས་རྩོམ་རིག་དཔྱད་བརྗོད་ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག༽ ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས་༼ཤམ་བྷྷ་ལའི་དུད་སྤྲིན༽་དང་༼ཟང་ཟིང་གི་འཇིག་རྟེན༽་དང་༼བདག་དང་འབྲོང་གི་ཕ་ས༽་བཅས་གཟེངས་སུ་ཐོན་པའི་སྒྱུ་རྩོམ་སྣ་འདུས་དེབ་གསུམ། བེ་རི་འཇིགས་མེད་དབང་རྒྱལ་གྱི་སྙན་དངགས་ལྷན་བསྡེབས་༼ཟུངས་ཁྲག༽ སྤྲུལ་སྐུ་བསྟན་འཛིན་ཤེས་རབ་ལགས་ཀྱི་སྙན་སྒྲུང་ལྷུག་གསུམ་ལྷན་བསྡེབས་༼ཀུན་རྟོག་སྒྱུ་མའི་ཤུགས་གླུ༽ པདྨ་ཚེ་རིང་གི་སྙན་དངགས་དང་དཔྱད་རྩོམ་ལྷན་བསྡེབས་༼གངས་སེང་འཚོལ་བ༽ མཁས་གྲུབ་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་༼གངས་ལྗོངས་ཀྱི་དགེ་མཚན༽ ཤ་བོ་འགྱུར་མེད་ཀྱི་སྙན་དངགས་ལྷན་བསྡེབས་༼ལྷོ་རུ་འཁྱམས་པའི་རྣམ་ཤེས༽ རྔ་བ་ཆོས་གྲགས་ཀྱི་སྙན་དངགས་༼གཡག་རོག་ཞོལ་ཆེན་ཁྲོས་པའི་ཧར་སྒྲ༽སོགས་བརྩམས་ཆོས་དེབ་གསུམ། ཚེ་བརྟན་གྱི་སྙན་དངགས་ལྷན་བསྡེབས་༼གངས་དཀར་བཞུས་པའི་ཆུ་རྒྱུན༽ ན་མེ་བླ་ཁང་གི་ཚེ་རིང་དོན་གྲུབ་ཀྱི་༼ཡིད་འཕྲོག་སྒྲུང་མཛོད༽ གངས་སྲས་ཟླ་གཞོན་གྱི་སྙན་དངགས་ལྷན་བསྡེབས་༼ལ་རྒྱ་ སྙན་ངག་གི་ཇག་ལ་ཆས་པའི་སྔ་རོལ་ཏུ༽ ལྷ་སྡེ་གནམ་ལོ་ཡག་གི་བརྩམས་ཆོས་ལྷན་བསྡེབས་༼མཁར༽ སྙན་བཟང་གཡུང་དྲུང་ཚེ་རིང་གི་སྙན་དངགས་ལྷན་བསྡེབས་༼ལྷ་འདྲེ་མང་བའི་རི་གྲོང༽་ཁ་སྒང་བསམ་གཏན་རྒྱ་མཚོའི་སྙན་དངགས་བརྩམས་ཆོས་ཕྱོགས་བསྒྲིགས་༼སྐྱིད་སྣང་མེད་པའི་འཚོ་བ༽ ཚེ་རིང་དོན་གྲུབ་ཀྱི་ཚོད་ལྟའི་སྒྲུང་འབྲིང་༼མ་བསྐོས་སྡུག་གི་རི་མོ་སྙིང་དཀྱིལ་དུ་ལུས༽

༣། བོད་ཀྱི་རྩོམ་རིག་སྐོར་གྱི་རྩོམ་རིག་གཞུང་ལུགས་དང་དཔྱད་བརྗོད་རྩོམ་ཡིག་འགའ་ཞིག

ཨ་ལགས་དོར་ཞིའི་༼སྙན་རྩོམ་རིག་པའི་ཤེས་བྱ་གནད་བསྡུས༽ འཇུ་སྐལ་བཟང་གི་༼སྙན་ངག་གི་རྣམ་བཤད༽ ༼རྩོམ་རིག་གཞུང་ལུགས་གསར་མ༽ བསོད་ནམས་དབང་འབུམ་དང་བུ་བཞིའི་༼རྩོམ་རིག་རྣམ་བཤད་བློ་གསལ་འཇུག་ངོགས༽ གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་༼བོད་ཀྱི་རྩོམ་ལུས་ནམ་བཤད༽ རིན་ཆེན་བཀྲ་ཤིས་ཀྱི་༼རྩོམ་རིག་གསར་རྩོམ་གྱི་རྣམ་བཤད༽ བློན་ཕྲུག་གནམ་ལྷ་རྒྱལ་གྱི་༼བོད་ཀྱི་རྩོམ་ལུས་རྣམ་བཤད་བློ་ཡིལྡེ་མིག༽ ཀུན་དགའི་༼བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད༽ དཔལ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱི་༼བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱས་དང་ཁྱད་ཆོས༽ རྡོ་རྗེ་རིན་ཆེན་གྱི་༼རྩོམ་རིག་གཞུང་ལུགས་གནད་བསྡུས༽ གཞན་ཡང་མང་ཆར་རྩོམ་སྒྲིག་ཁང་གི་༼རྩོམ་དཔྱད་གཏམ་ཚོགས༽དང། པད་མ་འཚོས་རྩོམ་སྒྲིག་བྱས་པའི་༼དུས་རབས་ཀྱི་འཕར་རྩ༽ ལྕང་སྐྱའི་བསྟན་འཛིནཚེ་རིང་གི་༼སྙན་ངག་ལ་དཔྱད་པ་བུ་ཆུང་སྨྱོས་པའི་རང་མཚང༽སོགས་ཐོར་བུ་གཞན་ཡང་ཡོད།

བཙན་བྱོལ་ནང་ལ་ཡང་པད་མ་འབུམ་གྱི་༼མིརབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང༽ ཧོར་གཙང་འཇིགས་མེད་ཀྱི་༼ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག༽་གཞན་ཡང་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་རྩོམ་རིག་གི་དགེ་སྐྱོན་གླེང་བའི་དཔྱད་རྩོམ་ཐར་ཐོར་རེ་འབྱུང་གིན་ཡོད།

 

ཐ། དེང་རབས་གཞོན་སྐྱེས་ཕུལ་བྱུང་རྩོམ་པ་པོ་ཁག་ཅིག་དང་ཁོང་ཚོའི་བསམ་བློ།

 

          འདིར་མི་རིགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དེང་རབས་ཕུལ་བྱུང་རྩོམ་པ་པོ་ཁག་ཅིག་དང་དེ་དག་གི་བསམ་བློའི་རང་བཞིན་ནམ་ཁོང་ཚོའི་བརྩམས་ཆོས་ལས་མཐོང་བའི་བསམ་བློ་དང་སྒྱུ་རྩལ་སྐོར་རགས་ཙམ་བརྗོད་ན།

          སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གོང་ཕུད་ཀྱིས། དེང་སང་བོད་ཕྱི་ནང་ལ་གྲགས་དང་གྲགས་བཞིན་པ་དང་བདག་གིས་བཀླགས་མྱོང་བའི་བོད་ཡིག་བརྩམས་ཆོས་ཁོ་ནརྩོམ་པ་པོ་ཆིག་སྟོང་ཙམ་གྱི་རྩོམ་རིག་བརྩམས་ཆོས་དག་ལས་ཁོ་བོས་གདེང་འཇོག་ཚད་མཐོ་བྱེད་སའི་གཞོན་སྐྱེས་རྩོམ་པ་པོ་ཁག་ཅིག་ཡོད་པ་ནི། རྡོ་རྗེ་ཚེ་རིང་ངམ་ལྗང་བུ། ཚེ་རིང་དོན་གྲུབ། འཇུ་སྐལ་བཟང། བཀྲ་བྷ། སྟག་འབུམ་རྒྱལ། ལྷ་རྒྱལ་ཚེ་རིང། བཀྲ་ཤིས་དཔལ་ལྡན། ཕག་མོ་དོན་གྲུབ། སྐྱབས་ཆེན་བདེ་གྲོལ་བཅས་ཡིན།

          བཙན་བྱོལ་ནང་ལ་ཡང་བྱ་ཁྭ་ཏའི་ཚོད་ཀྱི་མདའ་གཞི་ལྟར་སྙན་དངགས་པ་ཧོར་གཙང་འཇིགས་མེད་དང ལོ་རྒྱུས་དཔྱད་བརྗོད་པ་བླ་བྲང་སྐལ་བཟང་རྒྱ་མཚོ་དང་ཉ་ཉོག་ཅི་རིགས་འབྲི་བ་ཁོ་བོ་བཅས་ལ་༡༩༩༩ལོའི་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཕུལ་བྱུང་རྩོམ་པ་པོའི་གཟེངས་རྟགས་ཐོབ་ན་ཡང། ཁོ་བོའི་བསམ་ཚོད་ལ་ང་ཚོ་ལས་ལྷག་པའི་རྩོམ་པ་པོ་གཅིག་ནི་ཀླུ་སྨྱོན་ཧེ་རུ་ཀ་ཡིན་བསམས། འོས་ཤོག་འཕེན་པའི་ཚོགས་མི་མང་ན་ཡང་ཚད་ལྡན་རྩོམ་པ་པོ་ཧ་ཅང་ཉུང་བས་དེ་ཙམ་འོས་འཚམས་བྱུང་མེད་ལ། དོན་དངོས་ཐོག་བཙན་བྱོལ་ནང་དུ་སྙན་དངགས་ལེགས་པོ་རྩོམ་པ་པོ་འགའ་ཞིག་ཡོད་པ་ལས་སྒྱུ་རྩོམ་གཞན་དག་ལ་བྱང་ཆ་ཡོད་པའི་ཚད་ལྡན་རྩོམ་པ་པོ་དཀོན་ལ་དེ་བས་ཕུལ་བྱུང་རྩོམ་པ་པོ་ནི་ད་དུང་གཞི་ནས་སྐུ་འཁྲུངས་རྒྱུར་སྒུག་ཡོད།

          ཁོང་ཚོའི་སྙན་དངགས་དང་ལྷུག་རྩོམ། ལྷག་པར་བརྩམས་སྒྲུང་གི་ནང་དུ་མི་རིགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད། དེ་ཡང་བུ་དང་བུ་མོ་རང་གི་ཕ་མ་ལ་དགའ་བ་དང་མི་འདྲ་བར་ཕ་མ་ཐུགས་བརྩེ་ཐབས་མཁས་ཅན་ཚོས་རང་གི་བྱིས་པ་ཚོའི་མདུན་ལམ་ལ་བསམ་གཞིགས་ཀྱིས་བླང་དོར་གྱི་བསླབ་བྱ་སོགས་གནང་བ་བཞིན། ཁོང་ཚོས་མི་རིགས་འདིའི་ཕན་མེད་ཀྱི་གོམས་སྲོལ་རྙིང་པ་དང། རུལ་སུངས་ཀྱི་ཀླད་པ་རྙིང་བ། ཆོས་ལུགས་རྨོངས་དད། ཡིག་རྨོངས་ཀྱི་འཚོ་བ། ནང་འཁྲུག་གི་དམེ་འཐབ་སོགས་མི་རིགས་རང་ཉིད་ཀྱི་ནང་སྐྱོན་དྲི་མ་དག་སེལ་དང། རྒྱ་ནག་མ་ཇག་གི་བཙན་འཛུལ་མནར་གཅོད་དང་རིག་གནས་གསར་བརྗེའི་རླུང་འཚུབ། དཔོན་ངན་དང་མི་ངན་རིགས་ཀྱི་མཚང་འདྲུ་སོགས་རྩོམ་གཞི་བྱས་ཏེ་བློ་སྤོབས་ཆེན་པོས་དགག་རྒྱག་དང་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བོད་ཀྱི་རིག་གནས་རྒྱུན་འཛིན་ཐོག་ཕྱིའི་རིག་གསར་ཚང་མ་བསྡུ་ལེན་གྱིས་རང་ཉིད་ཀྱིས་རང་ཉིད་བསྐྱང་ནས་དེང་རབས་ཀྱི་འཚོ་བ་གསར་བའི་ལོ་རྒྱུས་གསར་སྐྲུན་བྱེད་རྒྱུར་བསྐུལ་བརྡ་གནང་ཡོད།

དེ་དག་གི་ནང་ནས་རྩོམ་རིག་གསར་བ་དང་བསམ་བློ་གསར་བའི་རུ་དཔུང་གི་གཙོ་འདྲེན་པ་ནི་སྐུ་གཤེགས་ཕུལ་བྱུང་རྩོམ་པ་པོ་དོན་གྲུབ་རྒྱལ་ཡིན་ལ་ཁ་སང་དེ་རིང་ཁོང་ཚོའི་དཔེ་མཚོན་རིང་བཞིན་ལྡན་པའི་ཕུལ་བྱུང་རྩོམ་པ་པོ་ཞིག་ནི་ཚེ་རིང་དོན་གྲུབ་ཡིན། ཉེ་ཆར་༢༠༠༡ ལོ་དང་༢༠༠༢ལོ་སོ་སོར་ཞིང་ཀང་གྱི་ལིང་དཔེ་སྐྲུན་ཁང་ནས་བཏོན་པའི་ཁོང་གི་བརྩམས་སྒྲུང་རིང་བ་༼མེས་པོ་༽དང་༼སྨུག་པ༽་གཉིས་ནི་དེང་རབས་རྩོམ་པ་པོའི་ནང་གི་བསམ་བློའི་སྨིན་ཚད་དང་སྒྱུ་རྩལ་མཚོན་ཐབས་གཉིས་ཀྱི་ཆ་ནས་ཆེས་ཕུལ་དུ་བྱུང་བ་ཆགས་འདུག་སྙམ།

༼མེས་པོ༽འི་ནང་དུ་བོད་ཀྱི་མེས་པོ་རྣམས་ནས་བརྒྱུད་པའི་རྣམ་རྟོག་དང་རྨོངས་དད་ཀྱི་བག་ཆགས་མཐུག་པོ་དང། རྒྱ་ནག་མ་ཇག་གིས་བོད་ལ་གཡོ་ཇུས་དང་དམར་གསོད་བྱས་ཚུལ། དེ་རྗེས་རྒྱ་དམར་གུང་ཁྲན་གྱིས་བོད་བང་བསྒྱུར་བྱས་པའི་མཐའ་མའི་ངན་འབྲས་ནི་ད་ལྟའི་གདོང་དམར་བོད་ཀྱི་ཚ་བོ་རྣམས་ཕ་མེས་ནས་བརྒྱུད་པའི་བྱམས་བརྩེའི་མི་གཤིས་བཟང་པོ་དང་བྲལ་ཅིང་དེང་རབས་འཚོ་བ་གསར་བ་སྐྱེལ་བའི་ཤེས་འཇོན་གྱི་ལག་ཟུང་ཡང་མེད་པར་འགྱུར་བཞིན་པ། ཐ་ན་བོད་ཀྱི་རང་བྱུང་གི་ཁོར་ཡུག་ཀྱང་སྟོངས་ལ་ཉེ་བའི་དངོས་ཡོད་འཚོ་གནས་སྐྱོ་བོ་དེ་མཚོན་པར་བྱས་ཏེ་རྩོམ་པ་པོའི་སེམས་གཏིང་ནས་མི་རིགས་འདི་ཉིད་གསོད་བཞིན་པའམ་འཆི་བཞིན་པ་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུ་བ་མཐོང། དེ་བས་ང་ཚོའི་མི་རིགས་འདི་ངེས་པར་གསོན་པ་དང་ལྷག་པར་དེང་རབས་ཀྱི་བདེ་སྐྱིད་འཚོ་བ་དངོས་ཤིག་ཐོབ་དགོས་ན་རྣམ་རྟོག་དང་རྨོངས་ཞེན་གྱི་བསམ་བློ་འདོར་དགོས་པ་མ་ཟད། གཙོ་བོ་བོད་རང་ལ་རང་དབང་གི་བདག་དབང་བདག་སྐྱོང་གི་སྐལ་བ་བཟང་པོ་ཞིག་ལྡན་དགོས་པ་བསྟན་འདུག

          ༼སྨུག་པ༽་འི་ནང་དུ། བོད་ཀྱི་དཔོན་ངན་མང་པོས་རང་ཁེའི་དབང་གྲགས་གཉེར་བའི་བྱ་ངན་སྤྱོད་ངན་དང། བོད་ཀྱི་གཞོན་སྐྱེས་ཤེས་ལྡན་མི་སྣའི་ནང་དུ་ཡང་བོད་ཀྱི་མི་གཤིས་དང་གོ་རྟོགས་མཐོན་པོ་ལྷག་བསམ་ཤེས་འཇོན་ཅན་ཉུང་བ། ལྷག་པར་རྩོམ་པ་པོའི་རང་དབང་དང་མདུན་ལམ་ཧ་ཅང་དོག་པས་རྩོམ་པ་པོའི་ཁོར་ཡུག་ཡངས་པོ་ངོ་མ་ཞིག་རག་དགོས་ན་ཕྱི་གླིང་ལ་སྐྱོད་དགོས་ཚུལ་བཅས་དང། ད་དུང་ཤེས་ཡོན་ཅན་ཚོས་ཕྱི་གླིང་བའི་མི་དང་འབྲེལ་བ་བྱས་ན་རྒྱ་གཞུང་གིས་དོགས་ཟོན་དང་འགོག་རྐྱེན་བཟོ་བ། ཆབ་སྲིད་ཁོ་ནའི་འཁྲབ་སྟེགས་ཀྱི་རྒྱ་ནག་སྤྱི་ཚོགས་ནང་དུ་རྩོམ་རིག་ངོ་མའི་བཞིན་རས་ཤིག་མེད་པ་སྟེ་མདོར་ན་བོད་མི་རྣམས་སྨུག་ལུང་ཞིག་ནང་མགོ་འཁོར་ཡོད་པ་མ་ཟད་རྒྱ་ནག་མི་དམངས་ཀྱང་འཛམ་གླིང་མི་མཐོང་བའི་སྨུག་པའི་ནང་དུ་འགྲོ་བཞིན་པའི་ངང་ཚུལ་བྲིས་ཡོད། དེ་བས་ང་ཚོ་རང་མགོ་འཐོམ་པའི་ངང་རང་མི་རིགས་ལ་ལྷག་བསམ་རྣམ་དག་གིས་བྱ་བ་སྒྲུབ་དགོས་པའི་བསླབ་བྱ་གནང་ཡོད།

          རྩོམ་མཁན་གྱི་བསམ་བློ་འདི་དག་བརྗོད་བྱ་གང་ཞིག་གི་ནང་དུ་གསལ་བར་མཚོན་པ་མེད་པར་སྒྱུ་རྩལ་མཚོན་ཐབས་ཀྱི་སྨུག་ཡོལ་ཕག་ན་གནས་ཡོད། ཁོང་གིས་མེས་པོ་དང་སེང་གེ་སོགས་ཀྱི་མི་གཤིས་བྲིས་པ་ཧ་ཅང་འབུར་དུ་ཐོན་ཞིང། སྒྲིག་གཞི་ཆར་འགོད་དང་བྱུང་རིམ་གྱི་ཤུགས་བསྟན་སྒྱུ་རྩལ་ནུས་པ་ཟབ་རྒྱ་ཆེ། དེ་བས་ངས་བསམ་ཚོད་ལ་བརྩམས་སྒྲུང་ལ་ཧ་ཅང་བྱང་གོམས་མེད་པའི་ཀློག་པ་པོ་མང་པོས་ཡང་ཀློག་སྐྱར་ཀློག་མ་བྱས་ན་མིསྣ་གཙོ་བོ་མེས་པོ་ངོས་མི་ཟིན་ལ་སྨུག་པའི་ནང་དུ་སྨུག་པ་གང་དང་གང་དུ་འཐིབ་པ་དང་སུ་དག་སྨུག་པས་སྒྲིབ་པ་ཤེས་དཀའ་ལ། ལྷག་པར་རྩོམ་པ་པོའི་དགོངས་པའི་འོད་སྣང་མཐོང་དཀའ་བའི་ཚུལ་དུ་ཡོད།

 

ཏ། དེང་རབས་རྩོམ་རིག་གསར་བའི་སྐྱེ་སྟོབས་ཀྱི་རྒྱུ་རྐྱེན།

 

          བོད་ཀྱི་དེང་རབས་རྩོམ་རིག་གི་ལང་ཚོ་འདི་འདྲའི་ངོ་མཚར་སྐྱེ་འཕེལ་དང་ལྡན་པ་དེའི་རྒྱུ་རྐྱེན་ཅི་ཡིན་སྙམ་ན། གཅིག་ནས་བོད་མི་རིགས་འདི་གླུ་གར་སོགས་རིག་རྩལ་ལ་དགའ་ཞིང་རྩོམ་རིག་དར་ཡུན་ལོ་རྒྱུས་ཀྱང་ཧ་ཅང་སྔ་བའི་ཐོག དུས་རབས་བཅུ་གསུམ་པ་ནས་སྙན་ངག་མེ་ལོང་མ་བསྒྱུར་ནས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྩོམ་རིག་ཁྱབ་སྤེལ་གྱི་རྨང་གཞི་ཕུན་སུམ་ཚོགས་པོ་ཡོད་པ།

          གཉིས་ནས་རྒྱ་དམར་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་མི་ལོ་སུམ་ཅུ་ཙམ་རིང་ལ་བོད་ཀྱི་རྩོམ་རིག་དང་བཅས་པའི་ཆོས་རིག་ཐམས་ཅད་བཀག་གཏོར་ཚད་མེད་ཀྱིས་བོད་ཡུལ་དམངས་ཁྲོད་ཀུན་ལ་རླུང་ལྟར་ཁྱབ་པའི་གླུ་ཨ་ལ་ལ་མོ་གླིང་སྒྲུངདང་བྱ་ཁུ་ལོ་སྙིང་ལ་རྗེ་བོ་མཛའ་གཞསསོགས་ཀྱང་རྣ་ལམ་དུ་ཐོས་རྒྱུ་མེད་པར་གྱུར་ཅིང། སྲིད་ཇུས་ཅུང་གུ་ཡངས་སུ་ཕྱིན་ནས་ཆོས་དང་རིག་གནས་སླར་སྤེལ་ཆོག་པའི་ཤི་བ་སླར་གསོན་ལྟ་བུའི་སྐལ་བ་བཟང་བོ་ཞིག་ཐོབ་པས་དགའ་ཚོར་བླ་ན་མེད་པས་གླུ་ཨ་ལ་ལ་ཐ་ལ་དང་བྱ་ཁུ་ལོ་སྙིང་ལ་རྗེ་བོའི་སྟོང་སྐད་ལུང་གསུམ་གྱི་མདོ་དང་རི་གསུམ་གྱི་རྩེ་ལ་ལྷང་ལྷང་བསྒྲགས་ཏེ་རྩོམརིག་གི་དཔྱིད་དཔལ་བསུས།

          གསུམ་ནས་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་དམ་པ་ལྷག་མ་ཉུང་ཤས་ཤིག་བཞུགས་པ་རྣམ་པས་གཙོས་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཅུང་ཡངས་ཤིང་མི་རིགས་ཀྱི་ལ་རྒྱ་སྙིང་ལ་སྦས་པའི་རྒན་དར་གཞོན་གསུམ་མང་པོས་དམིགས་སུ་བཀར་ནས་བོད་ཡིག་ཆེད་སྦྱོང་གི་བྱ་བར་འབད་ཅིང་ལྷག་པར་རྩོམ་རིག་གི་ཞིང་ས་དུས་དེབ་གསར་བསྐྲུན་བྱས་པ་སོགས་རྩོམ་རིག་ལ་ཧ་ཅང་གདེང་འཇོག་གནང་བ།

          བཞི་ནས་སྐུ་ཞབས་དོན་གྲུབ་རྒྱལ་སོགས་གཞོན་སྐྱེས་དཔྱོད་ལྡན་དཔུང་ཁག་ཅིག་གིས་དམིགས་ཡུལ་ངེས་ཅན་ཡོད་པའི་ཐོག་ནས་བོད་ཡིག་རྩོམ་རིག་འབྲི་བ་དང། གཞན་གྱི་རྩོམ་རིག་བསྒྱུར་བ། གཞན་གྱི་རྩོམ་སྟངས་ཀྱི་ལེགས་ཆ་ལེན་པ་སོགས་གཅིག་རྗེས་གཉིས་མཐུད་ཀྱི་རྩོམ་རིག་གི་ལང་ཚོའི་རྦབ་ཆུ་ཞིག་སྔོན་མའི་རྩོམ་རིག་གི་རྨ་ཀླུང་རིང་མོ་དང་འདྲེས་ནས་གཡང་གཟར་གྱི་འཕྲང་ལས་མཆོངས་ཤིང་ཁོད་ཡངས་ཀྱི་རྩྭ་ཐང་བརྒྱུད་དེ་བཞུར་བ།

          ལྔ་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་མེས་པོའི་ཚེ་སྲོག་བསྐྱངས་ཏེ་འཛམ་གླིང་ལ་དྲང་བདེན་ལོ་རྒྱུས་ཀྱི་བསྒྲགས་གཏམ་སྤེལ་བས་སྙུག་ཐོགས་དཔའ་བོ་ཚོའི་བློ་མིག་ཇེ་གསལ་དུ་གྱུར་ཅིང་ཐ་ན་ཁོ་ཚོ་ཧི་མ་ལ་ཡའི་སྒལ་ཚིགས་ལས་མཆོངས་ཏེ་རྩོམ་རིག་རང་དབང་གི་གར་སྟེགས་གསར་བ་ཞིག་ལ་སླེབས་པ་བཅས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་ཆུ་མིག་གསར་བ་འདི་གངས་རི་ལས་བརྡོལ་ནས་རྒྱ་མཚོ་ལ་འབབ་ཐུབ་པ་འདི་ལགས་སོ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php