དུས་རབས་གསར་བའི་འབྲུག་མོ།  

 

ཆབ་བྲག་ཕོ་ཉས།

 ༢༠༡༢།༡།༡༧།

 

          ཐོག་མར་ཁྱེད་རང་གིས་རྒྱང་རིང་ནས་དྲ་ལམ་བརྒྱུད་དྲི་བ་འདི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་རང་ཉིད་མཚམས་སྦྱོར་ཅིག་བྱེད་རོགས།

          ང་ནི་༡༩༨༩ ལོའི་ཟླ ༡༡ པའི་ཚེས ༡༤ ཉིན་ཕ་ཡུལ་གཅན་ཚ་ནས་སྐྱེས་ཤིང་ངའི་མིང་ལ་འབྲུག་མོ་རྒྱལ་ཟེར། ད་ལྟ་མཚོ་སྔོན་སློབ་ཆེན་ནོར་སྲིད་སློབ་གླིང་དུ་མི་རིགས་ལྗོངས་རྒྱུ་དོ་དམ་ལས་ཀའི་ཕྱོགས་སུ་སློབ་གཉེར་བྱེད་བཞིན་ཡོད་ལ། སློབ་ཆེན་ལོ་བཞིའི་རིང་བདག་གིས་དབྱིན་ཡིག་ཚད་རིམ་བཞི་པ་དང་དྲུག་པའི་དཔང་རྟགས་སོགས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ཡོད་ཅིང། ད་དུང་སྔ་གཞུག་ཏུ་གླུ་དབྱངས་དང་གཏམ་བཤད། མགོ་འཛིན་པ། ཞབས་བྲོ། སློབ་རའི་དབྱིན་སྐད་རྒྱང་སྒྲོག་པ། བརྙན་ཟློས་ལོ་ཙྰ་དང་། སྣེ་ཤན་པ། ད་དུང་ཡིག་སྒྱུར་སོགས་ཀྱི་ལས་ཀ་མང་དུ་བསྒྲུབས་མྱོང་། དབྱིན་སྐད་གཏམ་བཤད་སོགས་ཀྱི་བྱ་དགའ་ཡང་ཁ་ཤས་བླངས་མྱོང།

          ད་ལྟ་རྒྱལ་སྤྱིའི་ཇེ་རེའུ་ན་ཆུང་ཕོ་བྲང་ཞེས་པའི་དབྱིན་ཡིག་ཟབ་སྦྱོང་སློབ་གྲྭ་རུ་དགེ་རྒན་གྱི་འགན་བླངས་ཡོད།

 

          བྱ་དགའ་གང་དག་བླངས་ཡོད་དམ།

          ལན། ༢༠༠༨ལོར་CCTV་རྟགས་ཅན་གྱི་རྒྱལ་ཡོངས་དབྱིན་སྐད་གཏམ་བཤད་འགྲན་བསྡུར་ཁྲོད་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ཤིང་པེ་ཅིན་ཏུ་འགྲན་བསྡུར་ལ་ཞུགས་པར་སོང་།༢༠༠༩ལོར་རྒྱལ་ཡོངས་དབྱིན་ཡིགCརིགས(དབྱིན་ཡིག་ཆེད་ལས་མིན་པའི་སློབ་ཆེན་སློབ་མ)་ཀྱི་ཤེས་རིག་འགྲན་སྡུར་ཁྲོད་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་གཉིས་པ་དང་།༢༠༡༠ལོར་མཚོ་སྔོན་བརྙན་འཕྲིན་དང་ཧུའུ་ནན་དཔལ་འབྱོར་འཕྲིན་ལམ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའིམེ་ཏོག་ཆུན་པོཞེས་པའི་འགྲན་བསྡུར་ཁྲོད་རྒྱལ་ཡོངས་ཚད་ལྡན་གླུ་མ་བཞི་བཅུའི་གྲས་སུ་ཐོན་པར་མ་ཟད་མཚོ་སྔོན་བརྙན་འཕྲིན་ཁང་གི་ལྔ་བའི་ཚེས་ཉེར་དྲུག་ཉིན་དངོས་སུ་ལས་སྒོ་ཕྱེས་པའི་རིག་རྩལ་དགོང་ཚོགས་སུ་ཞུགས། ༢༠༡༠ལོ་དང༢༠༡༡ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཕྱིའི་སྐད་རིགས་ཞིབ་འཇུག་དཔེ་བསྐྲུན་ཁང་རྟགས་ཅན་གྱི་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་ཁྲོད་ཐེངས་གཉིས་ལ་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ཤིང་པེ་ཅིན་ཏུ་འགྲན་ཞུགས་ལ་སོང་ནས་རྒྱལ་ཡོངས་བྱ་དགའ་ཨང་གཉིས་པ་བླངས།

 

          ཁྱེད་རང་ཆེས་དགའ་སའི་སློབ་ཚན་དང་བྱ་བ་གང་དག་ཡིན། རྒྱུ་མཚན་ཅི།

          ལན། ང་རང་སྐད་རིགས་དང་སེམས་ཁམས་རིག་པ།   ད་དུང་སློབ་གསོའི་ལས་ཀའི་ཕྱོགས་ལ་ཧ་ཅང་དགའ་བོ་ཡོད།   དེ་ལས་གཞན་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་པར་དང་མཚན་ཉིད་རིག་པ་གཉིས་ཀྱིས་མིའི་རིགས་ཀྱི་སྐད་རིགས་དང་སྤྱོད་ལམ་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་དཔྱད་བྱེད་པར་མོས་ལ།     གླུ་དབྱངས་དང་སྒྱུ་རྩལ་ལའང་དགའ་བོ་ཡོད། རྒྱུ་མཚན་ནི་ང་ནི་བློ་བག་ཡངས་བའི་མི་ཞིག་ཡིན།     དར་བཟོ་ཆེ་བའི་ཆས་གོས་དང་དུས་རླབས་ལའང་སྤྲོ་བ་་ཆེ་ལ།     གཏམ་རྒྱུད་འབྲི་བ་དང་དཔེ་ཁྲིད།   དོན་སྙིང་ཡོད་པའི་གློག་བརྙན་ལ་ལྟ་བ། (དཔེར་ན་སོ་ཧྥེ་ཡི་འཇིག་རྟེན)     ད་དུང་ཁྲོམ་བསྒྲག་གཏམ་བཤད་དང་རང་གི་མི་ཚེར་འཆར་འགོད་བྱེད་རྒྱུ་སོགས་དགའ་ཕྱོགས་ཕུན་སུན་ཚོགས་པ་ཡོད།་

             ཉི་འོག་ཏུ་དུས་ཡུན་རིང་བོར་སྒྲུབ་ཟིན་པའི་བྱ་བ་དག་ནི་ལག་པ་བསྐྱངས་ནས་རྭླུང་འཛིན་པ་བཞིན།   མཐར་དེད་ན་དོན་སྙིང་ཅི་ཡང་མེད་མོད།   འོན་ཀྱང་གན་དྷིའི་བཤད་ཟིན་པ་བཞིན།   “ ཁྱེད་ཀྱིས་སྒྲུབ་ཟིན་པའི་བྱ་བ་མཐའ་དག   མཐར་དེད་ན་དོན་སྙིང་ཅི་ཡང་མེད་མོད།   འོན་ཀྱང་སྒྲུབ་པ་ནི་ཆེས་གལ་ཆེན་པོ་དེ་ཡིན།ཟེར་བ་བཞིན།   ང་ཚོ་ནི་ཚེ་སྲོག་ལ་རྦད་དེ་ཁས་ལེན་བྱེད་པའི་དོན་སྙིང་སྤྲོད་ཕྱིར་འཇིག་རྟེན་དུ་སྐྱེས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་ལ། འདི་ཡང་ང་ཚོའི་ཅིའི་ཕྱིར་འབད་ཐག་བྱེད་དགོས་པའི་རྒྱུ་མཚན་གྱི་རྩ་བ་ཡིན་ཏེ།   ཞི་འཇགས་ཀྱི་སེམས་ཁམས་ཤིག་རྒྱུན་འཁྱོངས་བྱས་ནས་རང་གི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་བཟོ་བྱེད་པའི་ཆེད་དུ་ཡང་ངོ།

 

          ཁྱེད་རང་གི་སློབ་སྦྱོང་གི་བརྒྱུད་རིམ་སྐོར་ཅིག་བཤད་རོགས།

          ལན། བདག་གི་སློབ་ཆུང་ནས་སློབ་འབྲིང་གི་སྦྱང་གཞི་དེ་གཅན་ཚ་མི་རིགས་སློབ་འབྲིང་ནས་མཇུག་སྒྲིལ་བ་ཡིན་ལ།   ལོ་༡༣ ལ་སོན་རྗེས། རང་གི་དབྱར་དགུན་གནང་གུང་གསེང་གི་དུས་ཚོད་བེད་སྤྱད་ནས་དབྱིན་ཡིག་སྦྱང་འདོད་ཀྱི་འདུན་པ་དྲག་པོ་དེ་ཕ་མ་གཉིས་ལ་ཞུས་ཤིང་།   ཁོང་རྣམ་པའི་རྒྱབ་སྐྱོར་འོག་རེ་སྐོང་ཤེས་རིག་གླིང་གི་དབྱིན་ཡིག་ཟབ་སྔྱོང་འཛིན་གྲྭར་ཞུགས་ཐུབ་པ་བྱུང་།   ལོ་གཉིས་ཀྱི་རྗེས་ནས།   ETP ཟེར་བའི་དམིགས་བསལ་ཅན་གྱི་མཐོ་འབྲིང་དབྱིན་ཡིག་འཛིན་གྲྭར་ཞུགས་པའི་སྐལ་བ་བཟང་བོ་ཐོབ་ཀྱང་ལང་ཚོའི་དུས་ཀྱི་འཚོ་བའང་འདི་ནས་འགོ་བརྩམས་པ་ཡིན།     སྨུག་གྲོང་གི་ད་ཕྲུགサォJane eyreགྱེན་ཨ་ཡེརདང་ཡི་གེ་དམར་བོསོགས་དཔེ་ཆ་གཙོ་བྱས་ནས་ད་དུང་མིང་གྲགས་ཅན་གྱི་བརྩམས་ཆོས་མང་བོར་བལྟས་མྱོང་ལ།དཔེ་ཆ་འདི་དག་ནི་སྐབས་དེའི་བདག་གི་ཆེས་བཟང་བའི་གྲོགས་པོ་དང་དགེ་རྒན་ཡིན།

          ད་ལྟ་མཚོ་སྔོན་སློབ་ཆེན་ནས་སློབ་སྦྱོང་གི་འཚོ་བ་ཕལ་ཆེར་མཇུག་སྒྲིལ་བར་ཉེ་ལ། བདག་ནི་ལྗོངས་རྒྱུ་དང་དོ་དམ་ཕྱོགས་ལ་དགའ་བོ་ཡོད།   ཡིན་ནའང་སློབ་གསོའི་ལས་རིགས་ཕྱོགས་ལ་དེ་ལས་ཀྱང་དགའ་བོ་ཡོད།   བདག་གི་སློབ་ཆེན་གྱི་སློབ་གསེང་གི་དུས་ཚོད་མང་ཆེ་བར་བོད་རིགས་དང་རྒྱ་རིགས།   ཧེ་རིགས་སོགས་ཀྱི་བྱིས་པ་དག་ལ་དབྱིན་ཡིག་དང་རྒྱ་ཡིག   གླུ་དབྱངས་དང་ཞབས་བྲོ་སོགས་ཁྲིད་པ་ཡིན།

 

          ཁྱེད་ཀྱིས་སློབ་ཞོར་དུ་བྱ་བ་གང་དག་བསྒྲུབས་དང་སྒྲུབ་བཞིན་ཡོད།

          ལན། བདག་ནི་རླུང་རྟ་འདར་འགྲིལ་རོལ་ཚོགས་ཀྱི་གཞས་གཏོང་མཁན་གཙོ་བོ་དེ་ཡིན་ལ། ང་ཚོའི་བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་དེ་འདར་འགྲིལ་གླུ་དབྱངས་སུ་བརྗེ་བསྒྱུརབྱེད་བཞིན་ཡོད།   བདག་གིས་བོད་ཀྱི་བུད་མེད་དང་བྱིས་པ། དེ་ལས་གཞན་ད་དུང་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་དང་སློབ་གསོའི་ཁོངས་གཏོགས་ཀྱིས་ཁོ་ཚོར་ཐེབས་པའི་ཤུགས་རྐྱེན་སྐོར་གྱི་རྩོམ་ཡིག་འབྲི་བཞིན་ཡོད་ལ། དེ་དང་ལྷན་དུ་་དབྱིན་ཡིག་གི་སྙན་ངག་འདྲ་ཡང་འབྲི་བཞིན་ཡོད།   སེམས་ཁམས་ཧ་ཅང་སྤྲོ་བ་བསྐྱེད་པའི་དོན་དག་ཅིག་ནི་ཉེ་བའི་དུས་འདིར་བདག་གིས་སི་པེན་གྱི་སྐད་ལ་སློབ་སྦྱོང་བྱེད་བཞིན་ཡོད་པར་མ་ཟད། རིམ་གྱིས་སྐད་རིགས་འདིར་སྔྱང་འདོད་ཀྱི་སྤྲོ་བ་ཆེ་རུ་འགྱུར་བཞིན་ཡོད་འདུག   སྒྲ་གདངས་མང་བོ་ཞིག་བོད་སྐད་ཀྱི་སྒྲ་གདངས་དང་ཧ་ཅང་འདྲ་གི སི་པེན་གྱི་སྐད་ལ་སློབ་སྦྱོང་བྱེད་པ་འདིས་བདག་གིས་ལ་ཏེན་སྐད་རིགས་མ་ལག་ལ་ཆ་རྒྱུས་ཇེ་ཆེར་འགྲོ་བར་ཕན་པ་ཧ་ཅང་ཆེ་བར་མ་ཟད།   ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཀྱང་རེད།

གཞན་ཡང་༢༠༡༠ལོའི་ཟླ་༧པར་མཚོ་སྔོན་བརྙན་འཕྲིན་རྒྱལ་སྤྱིའི་མཚོ་བསྐོར་ལྩགས་རྟའི་འགྲན་རྒྱུགས་དུས་སུ་ཆེད་ཞུའི་གསར་འགོད་པར་འགྲོགས་ནས་གཟའ་འཁོར་གཅིག་རིང་ལ་བྱ་བ་བསྒྲུབས། ༢༠༡༠ལོའི་ཟླ༩པར་གཅན་ཚ་རྫོང་གི་རྒྱལ་སྤྱིའི་མདའ་རྩལ་འགྲན་བསྡུར་སྟེང་ཆེད་ཞུའི་སྐད་སྒྱུར་པར་གདན་དྲངས། དེར་མ་ཟད་ད་དུང་དབྱར་གནང་དགུན་གནང་གི་སྐབས་སུ་ཟབ་སྦྱོང་འཛིན་གྲྭ་གང་མང་བཙུགས་ཤིང་། ཁྱིམ་བདག་མང་པོའི་དགའ་བསུ་ཐོབ་ཡོད།

 

          སློབ་སྦྱོང་དང་བྱ་བའི་ཐད་ནས་རང་གི་འདོད་པ་ལྟར་ཡོང་ཐུབ་ཀྱིན་འདུག་གམ།

          ལན། བྱ་བ་ཡོད་ཚད་ངས་བསམ་དོན་ལྟར་འགྲུབ་འགྲོ་བ་ཞིག་གཏན་ནས་མ་རེད།   འཚོ་བའི་ང་ཚོར་སྔར་ནས་ཕྱོགས་ཞེན་མི་འཆོར་བའི་ཁེག་ཐེག་མེད་པས། བགེགས་དང་བར་ཆད་གང་མང་བརྒྱུད་མཐར་ད་གཟོད་ང་ཚོའི་ནུས་སྟོབས་ཇེ་ཆེར་འགྲོ་ཐུབ།   ང་རང་ལྗོངས་རྒྱུ་དོ་དམ་ཕྱོགས་ལ་སློབ་སྦྱོང་གི་འདུན་པ་དེ་འདྲ་མེད་མོད།   འཁང་ར་དང་སྡུག་ཡུས་འདོན་པ་ལས་ངས་རང་གི་དུས་ཚོད་དང་སེམས་ཤུགས་ཡོད་ཚད་རང་ཉིད་ཀྱི་སྒྲུབ་འདོད་པའི་བྱ་བའི་སྟེང་དུ་བཀོལ་བ་ཡིན།   གལ་ཏེ་ཁྱོད་རང་ཡི་གེ་འདིར་ལྟ་བའི་གོ་སྐབས་རེ་ལྡན་ན།   ཁྱོད་ཀྱིས་མིག་མདུན་དུ་ལྷགས་པའི་དགེ་མཚན་མེད་པའི་དོན་དངོས་ལ་འཁང་ར་་མི་བྱེད་པར། གདོང་གིས་བསུས་ནས་ཆམ་ལ་ཕབ་དགོས།

          ང་ལ་རློམ་པར་གྱིས་ཤིག   ཁྱོད་ཀྱང་རླབས་ཆེན་གྱི་མི་སྣ་གཞན་དག་དང་མི་འདྲ་ས་མེད་པས།   གལ་ཏེ་ཁོ་ཚོའི་འཇིག་རྟེན་ལ་འགྱུར་ལྡོག་གཏོང་ནུས་ན།   ཁྱོད་ཀྱིས་ཀྱང་ནུས་སོ།

 

          ཁྱེད་རང་གི་མ་འོངས་པའི་རེ་བ་དང་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ཅི་ཞིག་ཡིན།

          ལན། བདག་གི་མ་འོངས་པའི་ཕུགས་འདུན་ནི་དངོས་ཡོད་འཚོ་བའི་ནང་ནས་བོའུ་ཐོ་པང་ཕུགས་རེའི་རྒྱལ་ཁམས་མཐོང་ཐུབ་རྒྱུ་དེ་ཡིན་ལ། (བོའུ་ཐོ་པང་ཟེར་བ་འདི་ནི་བསམ་བློ་རིག་པ་བ་ཞིག་གི་རྟོག་བཟོ་བྱས་པ་རེད། ཁོས་བོའུ་ཐོ་པང་ཟེར་བའི་རྒྱལ་ཁབ་ཞིག་རྟོག་བཟོ་བྱས་ཤིང་། རྒྱལ་ཁབ་འདིའི་ནང་ཚང་མ་འདྲ་མཉམ་ཡིན་ལ། རྒྱུ་ནོར་དང་ཁྲིམས་ལུགས་ཀྱི་ཚོད་འཛིན་ཀྱང་མི་དགོས་་བ་ཞིག་ཡིན།   བྱ་དངོས་ཡོད་ཚད་ལ་ཡོན་ཀྱང་མི་དགོས།) ད་དུང་འཛམ་གླིང་སྤྱི་འདི་འབྲུག་ཡུལ་ལྟ་བུའི་རྒྱལ་ཁམས་དུ་འགྱུར་བ་མཐོང་རྒྱུ་དེ་ཡིན། (རྒྱུ་མཚན་ནི་འཛམ་གླིང་སྤྱི་ནས་འབྲུག་རྒྱལ་ཁབ་ནི་བདེ་སྐྱིད་སྟོན་གྲངས་ཆེས་མཐོ་བའི་རྒྱལ་ཁབ་དེ་ཡིན་ལ། སློབ་གསོ་དང་སྨན་གསོའི་ཕྱོགས་ལ་རིན་དང་དབང་ཆ་ཅི་ཡང་མི་དགོས་པས་སོ།) བྱམས་དང་བརྩེ་བ་བརྒྱུད་ན་ད་བཟོད་བདག་གི་ཕུགས་འདུན་མངོན་འགྱུར་ཐུབ་ལ།   ད་དུང་བརྩེ་བ་དང་ཞི་བདེའི་ལག་ཟུང་བརྒྱུད་ན། ད་བཟོད་སློབ་གསོར་བརྟེན་ནས་བདག་གི་ཕུགས་འདུན་དེ་རྨི་ལམ་ནས་དངོས་ཡོད་དུ་མངོན་འགྱུར་ཐུབ་པར་བདག་ལ་ཡིད་ཆེས་བརྟན་པོ་ཞིག་ཆགས་ཡོད།   ཁྱོད་ཀྱིས་ཅི་ཞིག་ལ་དད་མོས་བྱས་ཀྱང་ཆོག     ཅི་ལྟར་དབུལ་ཕོངས་ཡིན་ནའང་འདྲ      ཁྱོད་ཀྱི་གྱོན་པ་གང་ཡིན་ཡང་ཆོག   ཁྱོད་ཀྱིས་རིག་གནས་གང་ཞིག་རྒྱུན་འཁྱོངས་བྱས་ཡོད་ནའང་འདྲ།     ཚང་མ་འཆམ་མཐུན་བདེ་སྐྱིད་ངང་མཉམ་གནས་བྱེད་ཐུབ།    

 

          དེང་སྐབས་བོད་ནང་གི་སློབ་གསོའི་བྱ་བའི་ཐད་ལ་བསམ་འཆར་འདྲ་ཡོད་དམ།

          ལན། ང་རང་སོང་མྱོང་བའི་སློབ་གྲྭ་དག་གི་ནང་དུ། སེམས་ཀྱིས་སློབ་ཕྲུག་སྐྱོང་བའི་དགེ་རྒན་ནི་ཧ་ཅང་དཀོན་པོ་འདུག     ང་རང་གང་ལ་སོང་ནས་སློབ་ཁྲིད་བྱས་ཀྱང་།   ཁོ་ཚོའི་དུས་རྒྱུན་ང་ནི་ཁོ་ཚོའི་མཐོང་མྱོང་བའི་ཆེས་འགན་ལེན་བྱེད་པའི་དགེ་རྒན་རེད་ཅེས་བཤད་མྱོང་ལ།   དག་དག་དོན་དག་འདིའི་ངའི་སེམས་པ་ཧ་ཅང་སྡུག་པོར་བཟོས་སོང་།   དགེ་རྒན་གྱི་ལས་གནས་འདི་ནི་ཆེས་རླབས་ཆེན་གྱི་ལས་གནས་ཤིག་རེད་མོད།   འོན་ཀྱང་མི་རྣམས་ཀྱིས་དུས་རྒྱུན་འདི་ལ་བརྩི་མཐོང་མི་བྱེད་གི   ངས་བོད་ཁུལ་ནས་སེམས་སྐྱོ་བའི་གནས་ཚུལ་ཞིག་མཐོང་བྱུང་།   དེ་ནི་སློབ་ཆེན་མཐར་ཕྱིན་པའི་སློབ་བུ་མང་བོས་གཞུང་ཞབས་པར་རྒྱུགས་མ་འཕྲོད་པར། བྱ་བ་མ་རྙེད་མཐར།   ད་བཟོད་དགེ་རྒན་བྱེད་འདོད་པ་དེ་རེད། སློབ་གྲྭའི་ཆ་རྐྱེན་བཟང་ན། དགེ་རྒན་དག་ངན་ཤོར་དུ་འགྲོ་་ལ། སློབ་གྲྭའི་ཆ་རྐྱེན་མི་བཟང་ན། དགེ་རྒན་དག་འདུག་ཁ་མི་ཉན་པའི་སྣང་ཚུལ་ཧ་ཅང་མང།         འདི་འདྲའི་འཁོར་སྐྱོད་ངན་པའི་འོག་སློབ་མའི་སློབ་སྦྱོང་ལའང་དལ་འགོར་བྱེད་གྱིན་འདུག་ལ།   དགེ་རྒན་གྱི་ཀུན་སྤྱོད་ལའང་ཡར་རྒྱས་མི་འདུག   བོད་ཁུལ་གྱི་དགེ་རྒན་མང་ཆེ་ཤོས་ཀྱིས་སློབ་ཁྲིད་གྲ་སྒྲིག་ལས་ཀར་དེ་འདྲའི་གདེང་འཇོག་མི་བྱེད།     སློབ་མ་ནི་རྩི་ཏོག་དང་འདྲ་བས། བློ་ཞིབ་མོས་བསྐྱེད་སྲིང་བྱེད་དགོས་པར་སེམས།   བདག་གི་མཐོ་འབྲིང་དུས་ཀྱི་ཕྱི་རྒྱལ་དགེ་རྒན་གྱིས་དེ་སྔ་བདག་ལ་བཤད་རྒྱུར།   ཁོང་གིས་སློབ་ཁྲིད་ཀྱི་དུས་ཡུན་དེའི་ལྡབ་གཅིག་ཡན་བཀོལ་ནས་སང་ཉིན་ཁྲིད་དགོས་པའི་ནང་དོན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་ཟེར།   འདི་ནི་ཏག་ཏག་བདག་གིས་རྒྱུན་འཁྱོངས་སྒོས་དུས་ཚོད་རིང་བོ་བཀོལ་ནས་སློབ་ཁྲིད་གྲ་སྒྲིག་ལས་ཀ་གཉེར་ཞིང་།   བསམ་ཞིབ་དང་སྣོད་བསྟུན་སློབ་ཁྲིད་བྱེད་པའི་རྒྱུ་མཚན་གྱི་རྩ་བ་ཡིན། ད་དུང་དགེ་རྒན་མང་བོའི་བསམ་བློ་རྙིང་བའི་འཆིང་ཐག་གིས་བྱིས་པའི་བསམ་བློ་དམ་དུ་བསྡམས་འདུག     འདི་འདྲའི་དུས་ཡུན་རིང་བོའི་ཤུགས་རྐྱེན་འོག་ཏུ་བྱིས་པ་སློབ་ཆེན་འགྲིམས་རྗེས་མིག་རྒྱ་ཤིན་ཏུ་ཆུང་ཞིང་། སེམས་འདེགས་ནུས་པ་ཧ་ཅང་ཞན་པ།   ད་དུང་བྱ་དངོས་གསར་བ་མཐོང་དུས་ཚུར་སྣང་གཉིས་འདུག་སྟེ།   མཐའ་གཅིག་ཏུ་ཟུར་ཏུ་འཕེན་པ་དང་མཐའ་གཅིག་ཏུ་དགའ་ཞེན་དང་དང་ལེན་བྱེད་པའོ།

          བྱིས་པ་མང་ཆེ་ཤོས་ཤིག་སློབ་ཆེན་ལ་ཐོན་རྗེས་ད་དུང་སྒྱུར་བཅོས་དང་ལེན་མི་བྱེད་པར།   ཅི་ལྟར་དེ་སྔའི་འཚོ་བ་རོལ་སྟངས་དེ་རྒྱུན་འཁྱོངས་བྱེད་དགོས་པར་བསམ་གཞིགས་གཏོང་བ་ལས་གཞན་ཅི་ཡང་མེད།     འདི་ནི་ང་ཚོ་རྗེས་ལུས་ཡིན་པའི་རྩ་བ་གཅིག་རེད་འདུག་བསམས།

 

          བོད་ནང་གི་ས་ཁུལ་སོ་སོར་བོད་སྐད་ཡིག་གིས་གཙོས་སློབ་སྦྱོང་བྱེད་སྟངས་ཐད་ལ་ཁྱད་པར་ཅི་ཞིག་མཐོང་སོང།

          ལན། བོད་རིགས་སློབ་གསོའི་ལས་རིམ་འོག་ཏུ་སྐྱེད་སྲིང་བྱས་པའི་སྐར་རྩིས་རིག་པ་བ་དང་།   དངོས་ལུགས་རིག་པ་བ། སྐྱེ་ཁམས་རིག་པ་བ་ནི་ཧ་ཅང་དཀོན་པོ་རེད།   བོད་ཁུལ་གྱི་སློབ་གསོ་བ་དག་གིས་ཀྱང་ད་ལྟ་སྣང་ཚུལ་འདི་ཚོར་གྱིན་ཡོད་པ་བདག་ལ་ཡིད་ཆེས་ཡོད།   ང་ཚོའི་རྩོམ་རིག་གི་འབྲས་བུས་ངེད་ཅག་མགོ་འཕང་མཐོན་པོའི་གོམ་སྟབས་ཆེན་པོར་སྤོས་ཀྱང་ངོ་གནོང་མི་དགོས་པར་འདུག་མོད།   འོན་ཀྱང་ང་ཚོས་ད་རག་བར་དུ་ད་དུང་གསར་སྐྲུན་གྱི་ཁང་བརྩེགས་ཤིག་ཀྱང་བཞེངས་ཐུབ་གྱིན་མི་འདུག   རྩིས་རིག་ནི་ཚན་རིག་ཡོད་ཚད་ཀྱི་རྨང་གཞི་ཡིན་མོད། འོན་ཀྱང་བོད་ཁུལ་མཐོ་རྒྱུགས་ཀྱི་རྩིས་རིག་གི་ཆ་སྙོམས་སྐར་གྲངས་ནི་མཐོང་བ་ཙམ་གྱིས་སྙིང་ན་བ་ཞིག་རེད།     འདི་ནི་ཏག་ཏག་འགན་མི་ཐེག་པའི་རྩིས་ཚན་ཆེད་ལས་ཡིན་པའི་དགེ་རྒན་དེ་དག་ཕྱིར་ཡོང་ནས་སློབ་མར་སློབ་ཁྲིད་བྱེད་དུས་འགན་མ་ཁུར་པས་ཡིན་འདུག འདི་ལྟར་ཡང་བསྐྱར་འཁོར་སྐྱོད་ངན་པ་ཐེངས་ཤིག་བྱས་པ་རེད།     མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་ང་རྒྱལ་ཁེངས་དྲེགས་མི་བྱེད་པར་གཞན་གྱི་སྔོན་ཐོན་ཕྱོགས་ལ་འབད་པའི་སློབ་སྦྱོང་བྱས་ནས། རང་གི་ཞན་ཆ་མཐོར་འདེགས་བྱེད་དགོས་པ་རེད།   རྒྱ་རིགས་ནི་རྩིས་རིག་གཞུང་ལུགས་ཕྱོགས་ནས་རྒྱལ་སྤྱིའི་སྟེང་ན་་མིང་གྲགས་ཤིན་ཏུ་ཆེ་ལ།   ནུབ་ཕྱོགས་པ་ནི་རྩིས་རིག་ལག་ལེན་ཕྱོགས་ནས་རྒྱལ་སྤྱིའི་སྟེང་ན་གོ་གནས་ཆེན་པོ་བཟུང་ཡོད་པ་རེད།   འདི་དག་ང་ཚོར་ཉེ་བར་མཁོ་བ་དག་དག་རེད་འདུག

 

          དུས་རབས་གསར་བའི་བོད་ཀྱི་སློབ་མ་སྤྱི་དང་ལྷག་པར་བོད་ཀྱི་བུ་མོ་ཚོར་རེ་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

          ལན། ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། ང་ཧ་ཅང་ང་རྒྱལ་སྐྱེ་གི     ང་བོད་པའི་བུད་མེད་ཅིག་ཡིན་པའི་ཆ་ནས་ང་ལྷག་ཏུ་གཟི་བསོད་ལྡན་པའི་སྣང་བ་ཡང་སྐྱེ།   སྐབས་འདིར་ངས་མཐོ་སྒང་གི་བུད་མེད་སྤྱི་དང་ལྷན་དུ་ནང་དོན་སྣ་ཁ་གསུམ་མཉམ་རོལ་བྱེད་རྒྱུ་ཡིན།

          དང་པོ།   རང་གཅེས་བྱེད་དགོས། འདི་ནི་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན། ཁྱེད་ཀྱིས་རང་གཅེས་བྱེད་ཤེས་ཚེ།   ད་བཟོད་བློ་རྩེ་བསྒྱུར་ནས་གཞན་ལ་ཇི་ལྟར་དགའ་དགོས་ཚུལ་དང་། བརྩེ་བའི་རྒྱུན་ཇི་ལྟར་སྐྱོང་དགོས་ཚུལ་རྟོགས་ཡོང་ངེས་རེད།     ངས་འདི་ནས་སྟོན་པ་ནི་བརྩེ་བ་གུ་དོག་པོ་དེ་མ་ཡིན་པར་རྒྱ་ཆེ་བའི་བརྩེ་བ་ཡིན།   རྒྱ་ཆེན་གཏིང་ཟབ་པའི་བརྩེ་བ་དེ་ཡིན།   བརྩེ་བ་ཆེ་ཆུང་མཐའ་དག་ཤོང་བའི་བརྩེ་བ་དེ་ཡིན།

          གཉིས་པ།   རང་སྐྱ་འཕེར་བར་བྱེད་དགོས། འཇིག་རྟེན་འགྲོ་ལུགས་ཀྱི་དཀའ་སྡུག་རྟོགས་ན་ད་བཟོད་ཁྱིམ་ཚང་བདེ་སྐྱིད་སྒོས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཡོད་ངེས། ཁྱོད་ཀྱིས་ཁྱིམ་ནང་གི་ལས་ཀ་གཉེར་ནའང་འདྲ།   ཁྱིམ་ཕྱིའི་ལས་ཀ་གཉེར་ནའང་འདྲ། གང་ལྟར་སྐྱེས་པའི་སྔོན་ནས་མགོ་མ་སྒུར། ཁྱེད་ཀྱིས་ལ་རྒྱ་བཟུང་ནས་རང་གི་སྐྱེས་པ་དང་ཁྱིམ་ཚང་ལ་ཞབས་ཏོག་སྒྲུབ་དགོས།   བོད་ཀྱི་བུད་མེད་མང་བོས་དུས་རྟག་ཏུ་རང་གི་ཁྱིམ་ནང་ནས་སྒྲུབ་པའི་བྱ་བ་ཡོད་དོ་ཅོག་དེ་སྐྱེས་པའི་ཕྱི་རོལ་ནས་ཉིན་གཅིག་ལ་གཉེར་བའི་ལས་ཀར་འང་མི་འགྲན་པར་ཡིད་ཆེས་བྱེད་གྱིན་འདུག   གལ་ཏེ་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་སྒྲུབ་པ་དག་ལ་རིན་ཐང་མེད་པར་བསམ་ཚེ།   རང་ཉིད་ཀྱི་རིན་ཐང་ལ་ཁས་ལེན་བྱེད་པར་གཞན་ལ་རེ་བའི་ཐོབ་ཐང་ཞིག་གང་ན་ཡོད།   དེའི་རྐྱེན་པས།   དོ་མཉམ་མིན་པའི་ཁྱིམ་ཚང་ལནད་གཞིའིསྐྱེ་འཕེལ་ཡོད་ངེས་ལ།   དེའི་ཁྱིམ་ཚང་དང་བྱིས་པའི་འཚར་ལོངས་ལའང་རྨ་ཁ་ཆེན་པོ་རེ་བཟོ་བཞིན་འདུག་པས། ཁེར་རྐྱང་ཡིན་པའི་ཁྱེད་ཀྱིས་་དཔལ་འབྱོར་ཐད་ནས་རང་སྐྱ་འཕེར་བ་ཞིག་བྱེད་དགོས་ལ།   གཉེན་སྒྲིག་བྱས་ཟིན་པའི་ཁྱེད་ཀྱིས་་བསམ་བློ་ཕྱོགས་ནས་རང་སྐྱ་འཕེར་བ་ཞིག་འཁྱོངས་དགོས།

          གསུམ་པ།   ཁྱེད་ཀྱིས་ཤེས་རབ་གྱི་དྲག་ཆས་སྤྲས་དགོས།   ངས་གསལ་བོར་བྱེད་འདོད་པ་ནི། བློ་རིག་རྒོད་པ་དང་ཤེས་རབ་ནི་མི་འདྲ་སྟེ།   ཧྭ་ཧྥོ་སློབ་ཆེན་གྱི་མངོན་བསྒྲགས་སློབ་ཁྲིད་བདེ་སྐྱིད་ལ་དཔྱད་པཞེས་པའི་ནང་དུ་དགེ་རྒན་ཆེན་མོ་དེས་བཤད་རྒྱུར།   ཤེས་བྱ་ནི་བརྡ་འཕྲིན་དང་འབྲེལ་ཡོད་ལ།   ཤེས་རབ་ནི་བརྡ་འཕྲིན་བརྗེ་བསྒྱུར་བྱེད་པ་དང་འབྲེལ་ཡོད་ཟེར།   ཁྱོད་ཀྱིས་བརྡ་འཕྲིན་ཞིག་དང་ལེན་བྱེད་གྱིན་པའི་དུས་སུ།   དེ་ད་དུང་ཁྱོད་ལ་དངོས་སུ་དབང་མེད།     ཁྱོད་ཀྱིས་བརྡ་འཕྲིན་དེ་འཚོ་བ་དངོས་སུ་ལག་ལེན་བྱས་རྗེས།   ད་བཟོད་བརྡ་འཕྲིན་བརྗེ་བསྒྱུར་ཀྱི་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱུང་ཚར་ཡོད་པ་རེད།   འདི་ནི་ང་ཚོས་ངེས་པར་དུ་གདེང་འཇོག་བྱེད་དགོས་པའི་གནད་ཅིག་ཀྱང་རེད།   འཚོ་བ་དངོས་ཀྱི་ནང་དུ་ང་ཚོར་དད་མོས་ཀྱི་ལུང་འཛིན་མང་པོ་ཡོད་ལ། ད་དུང་སྤྱི་ཚོགས་ཀྱི་གནོན་ཤུགས་དང་ཁྲིམས་ལུགས་ཀྱི་བཀག་འཛིན་སོགས་ཀྱང་ཡོད། འདི་དག་ཚང་མ་ང་ཚོའི་རྒྱུན་ལྡན་འཚོ་བའི་ནང་དུ་བསྡུ་ལེན་བྱེད་ཐུབ་པའི་བརྡ་འཕྲིན་དག་དག་རེད།   འོན་ཀྱང་ཆ་འཕྲིན་གྱི་དུས་རབས་འདིའི་ནང་དུ་། སུ་ཞིག་གིས་ད་དུང་དོན་དངོས་སྙིང་བོ་ལྟར་དུ་བརྡ་འཕྲིན་འདི་དག་ལག་ལེན་བྱེད་བཞིན་ཡོད་དམ།   འདི་ནི་ཁྱེད་ཀྱིས་བསམ་གཞིགས་གཏོང་དགོས་པའི་རིན་ཐང་ཅན་གྱི་འདྲི་གཞི་ཞིག་རེད།

 

          ཕོ་ལོ་བཅོ་ལྔ་ཐོན་ནས་བློ་ཕ་ལ་མི་འདྲི། མོ་ལོ་བཅོ་ལྔ་བུད་ནས་ཟས་མ་ལ་མི་སློང། ཟེར་བའི་གཏམ་དཔེ་འདིས་ལོ་ན་གཞོན་དུས་ནས་ཕོ་མོ་ཚོས་རང་གི་འོས་འགན་ཁུར་དུ་ལེན་ཐུབ་དགོས་པ་བསྟན་ཡོད་ལ་ཕལ་ཆེར་དེ་ལྟར་བྱུང་ཡང་ཡོད་པ་འདྲ། ཡིན་ཡང་དེང་སང་རང་ལོ་བཅོ་བརྒྱད་དང་ཉི་ཤུ་ལྷག་ལ་ཐོན་ན་ཡང་ད་དུང་ཕ་མ་དང་སྦྱིན་བདག་སོགས་ཀྱི་གཞན་རྟེན་འཚོ་བར་རོལ་འདོད་ཀྱི་སྒྱིད་ལུག་པ་ཧ་ཅང་མང། གཏམ་དཔེ་འདིའི་ནང་དོན་གྱི་ཐད་ནས་ད་དུང་ཁ་སྣོན་ཞིག་བྱེད་འོས་པ་ནི། ཕོ་མོ་འདྲ་མཉམ་སྟེ། བསམ་བློ་དང་ལས་རིགས་ཚང་མའི་ཐད་ནས་ཀྱང་འདྲ་མཉམ་དང་འགྲན་རྩོད་ཐུབ་དགོས་པ་དེ་རེད། དེས་ན་འབྲུག་མོ་རྒྱལ་ལགས་ནི་འདིའི་དཔེ་མཚོན་ཡག་ཤོས་ཤིག་ཀྱང་རེད་སྙམ་པ་བཅས་བདག་གིས་ཁོ་མོར་རྒྱང་འདྲི་ཕུལ་རྗེས་ནམ་ལང་གིས་བོད་ཡིག་ལ་བསྒྱུར་ནས་བཏང་བ་དང་ལྷག་པར་ལན་འདེབས་དག་གིས་འདོད་བློ་ཁེངས་པ་བྱུང་བས་སླར་ཡང་བཀའ་དྲིན་ཆེ་ཞུ་དང་རྣམ་པ་གཉིས་ཀྱིས་བྱ་གཞག་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་ཞུ།  

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php