<རང་ལུས་མེར་བསྲེགས་ཀྱི་ལས་འགུལ>བགྲོ་གླེང་སྐོར་ལ་རྒྱང་འདྲི་ཞིག

 

རྒྱང་འདྲི་བ། ཆབ་བྲག་ལྷ་མོ་སྐྱབས། ལན་འདེབས་པ། རྡོ་རྗེ་དབང་ཕྱུག

 

༡༽ ཁྱེད་ཅག་གིས་བགྲོ་གླེང་འདི་འདྲ་ཞིག་གནང་བར་ཡི་རང་བསྔགས་བརྗོད་དང་འབྲེལ་འདྲི་རྒྱུར། བགྲོ་གླེང་འདི་ཇི་ལྟར་དབུ་འཛུགས་གནང་ཚུལ་དང་གནང་དགོས་པའི་དམིགས་ཡུལ་ལམ་དགོས་པ་གཙོ་བོ་ཅི་ཡིན།

          ལན། ནོར་གླིང་མཐོ་སློབ་ཀྱིས་ཟླ་རེའི་ནང་༼རང་མོས་བགྲོ་གླེང༽་ཞེས་པ་ཞིག་གཉེར་གྱི་ཡོད་པར། ཐོག་མའི་གནས་སྐབས་སུ་ཐེངས་ཁ་ཤས་ལ་སྐད་བཏང་སོང་ཡང་། ཁོང་ཚོས་བགྲོ་གླེང་གི་དུས་ཚོད་དེ་དགོང་མོར་འཁེལ་བ་བྱེད་ཀྱི་འདུག་པས། དུས་ཚོད་ཏག་ཏག་ཅིག་སྟབས་འགྲིག་མིན་དབང་གིས་ཆ་ཚང་ལ་བཅར་རྒྱུ་བྱུང་མ་སོང་། ན་ནིང་ལོར་ཐེངས་གཅིག་བཅར་བ་ཡིན། དེ་སྐབས་ཁོང་ཚོའི་གླེང་སྟངས་དང་བཅས་པ་དངོས་སུ་མཐོང་བ་གཞི་ལ་བཞག་སྟེ། བགྲོ་གླེང་ལ་བཅར་འདོད་བྱུང་སོང་ཡང་། དུས་ཚོད་འདི་དགོང་མོར་འཁེལ་བ་བྱས་པ་འདིས་བཅར་ཐུབ་ཐབས་མེད་ཚུལ་དང་། ཡང་། བགྲོ་གླེང་འདི་འདྲ་ནི་ངེས་པར་དུ་ཉིན་མོའི་དུས་ཚོད་ལ་བཀོད་སྒྲིག་བྱེད་དགོས་ཚུལ་དང་། དེར་ངེས་པར་བཅར་རྒྱུའི་ཆོད་སེམས་དང་བཅས་པའི་བསམ་ཚུལ་ཞིག་བཏོན་པ་ཡིན། དེ་ནས་ཁོང་ཚོའི་རང་མོས་བགྲོ་གླེང་དེ་ཉིན་མོའི་དུས་ཚོད་ལ་འཁེལ་བ་གནང་སོང་ལ། དེ་ནས་བཟུང་འཆར་ཅན་གྱི་བགྲོ་གླེང་ཚང་མར་བཅར་གྱི་ཡོད། བསམ་ཚུལ་དང་ལྟ་ཚུལ་རེ་ཡང་ཆད་མེད་དུ་ཕུལ་བ་ཡིན། ཉེ་སྔོན་རང་མོས་བགྲོ་གླེང་ཐེངས་བཅུ་གཅིག་པའི་སྐབས་སུ། སློབ་མ་ཞིག་གིས་རང་ལུས་མེར་བསྲེགས་ཀྱི་སྐོར་གླེང་སོང་བར། དགེ་སློབ་དང་ཉམས་ཞིབ་པ་ཚང་མས་དོ་སྣང་ལྷག་པོ་དང་། བགྲོ་གླེང་འཁྲུག་ཆ་དོད་པོ་ཆགས་སོང་ལ། གླེང་སློང་དང་དྲི་བ་འགོད་མཁན་ཚང་མ་གཅིག་རྗེས་གཉིས་སྙེགས་ཀྱི་ཚོར་སེམས་ཀྱིས་ཟིན་པ་ཞིག་མཐོང་སོང་། དེ་མུར། མཐའ་མ་དེར་བསམ་ཚུལ་འདོན་པའི་གོ་སྐབས་བླངས་ཏེ། མེར་བསྲེགས་ལས་འགུལ་སྐོར་འདི་ངེས་པར་གླེང་དགོས་པ་ཞིག་ཡིན་པ་དང་། དེ་རིང་གི་གླེང་སྟངས་འདིར་བལྟས་པ་ཡིན་ན། ང་ཚོས་འདི་སྐོར་བརྗོད་གཞིར་བྱས་པའི་བགྲོ་གླེང་ཞིག་ཚུགས་ཐུབ་པ་ཡིན་ན་ཡག་པོ་ཡོད་རབས་དང་། དེ་ཡང་མཐོ་སློབ་དང་ཉམས་ཞིབ་མཉམ་འབྲེལ་བགྲོ་གླེང་གི་ངོ་བོ་ནས་གླེང་རྒྱུའི་བསམ་ཚུལ་བཏོན་པར། མཐོ་སློབ་ཀྱི་ངོས་ནས་དགའ་བསུ་གནང་སོང་། དེ་ནི་ད་རེས་ཀྱི་བགྲོ་གླེང་འདིའི་ཡོང་ལུགས་ཡོང་སྟངས་འདྲ་པོ་ཡིན། ད་ང་གཙོ་སྐྱོང་བ་ཟེར་བ་དེའི་གོང་ན་གཅིག་ཡོད་ན་དེ་རེད་ལ། ཁྱོའི་དགེ་ཕྲུག་གིས་འཇོན་ཡོད་ག ཨ་ལ་ཀུ་རེ་ཡིན། ད་རྒན་ལགས་ཀྱི་དྲི་བ་ཁག་ལ་ལན་འབུལ་རྒྱུ་བྱེད།

          བགྲོ་གླེང་འདིའི་དམིགས་ཡུལ་ནི། མེར་བསྲེགས་ལས་འགུལ་འདི་ངེས་པར་གླེང་དགོས་པ་དང་། གླེང་ནས་ངོ་འཕྲོད་དགོས་པ་མང་དག་ཅིག་ཡོད་པ་དེ་དག་ངོ་འཕྲོད་པར་བྱེད་པ་ལ་བགྲོ་གླེང་བྱེད་པ་ནི་གལ་ཆེ་བར་མཐོང་ནས་གོ་སྒྲིག་འདི་ཞུས་པ་དང་། ཚོགས་པ་བྱེ་བྲག་པའི་ངོས་ནས་བགྲོ་གླེང་བརྒྱུད་ནས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་གླེང་སློོང་དང་ངོས་འཛིན་ཡོང་ཐབས་ལ་གཙོ་བོར་དམིགས་པ་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས། ང་ཚོས་ཕྱི་ལོགས་སོགས་ནས་མཁས་པ་དང་ཤེས་ཡོན་པ་གང་ཡང་སྐད་མ་བཏང་བར། ནང་ཁུལ་རང་གི་བགྲོ་གླེང་འདི་གཉེར་བ་ཡིན།

༢༽ བགྲོ་གླེང་བ་སུ་སུ་ཡིན་ནམ། མཉམ་ཞུགས་གནང་མཁན་ཅི་ཙམ་ཞིག་བྱུང་སོང། བརྗོད་གཞི་གཙོ་བོ་གང་དང་གང་གི་ཐད་ནས་གླེང་བ་རེད།

          ལན། ད་རེས་ཀྱི་བགྲོ་གླེང་འདི་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མ། ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་བཅས་ནོར་གླིང་ནང་ཁུལ་གྱི་བགྲོ་གླེང་ཞིག་ཡིན། བགྲོ་གླེང་བ་ནི། ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་འབྲོང་དར་རྒྱས། བསྟན་འཛིན་རབ་རྒྱས། མགོན་པོ་དོན་འགྲུབ། མཐོ་སློབ་ཀྱི་དགེ་རྒན་ལྷ་ལུང་རྒྱལ། དགེ་རྒན་འཕྲིན་ལས། མཐོ་སློབ་ཀྱི་སློབ་ཕྲུག་བཅུ་དགུ་བཅས་ཁྱོན་བསྡོམས་བགྲོ་གླེང་བ་ཉི་ཤུ་རྩ་བཞི་ཡོད། མཐོ་སློབ་ཀྱི་དགེ་སློབ་དང་ཉམས་ཞིབ་པ་རྐྱ་བསྡེབས་ཀྱིས་བགྲོ་གླེང་བ་བཞི་རེ་སྡེ་ཚན་གཅིག་བྱས་ནས་གླེང་བ་ཡིན་སྟབས། མི་བཞི་ནང་ཁུལ་གྱི་གོ་བསྡུར་དང་བརྗོད་གཞིའི་གནད་འགག་གླེང་སྟངས་དེ་ཚོ་ཧ་ལས་པའི་གྲ་འགྲིག་པོ་དང་ཡག་པོ་བྱུང་སོང་། ང་ཚོ་དང་ང་ཚོའི་འདབས་འབྲེལ་ནས་ཡོང་བའི་ཟུར་ཉན་པ་གང་འཚམ་བཅས་ཁྱོན་བསྡོམས་མི་གྲངས་བརྒྱད་ཅུར་ཉེ་བ་ཞིག་འཛོམས་སོང་། བགྲོ་གླེང་གི་མཐའ་བསྡོམས་དེ་མཐོ་སློབ་ཀྱི་སློབ་སྤྱི་དང་ཉམས་ཞིབ་འགན་འཛིན་ང་རང་གཉིས་ནས་ཞུས་པའི་ཁུལ་ཡིན།

          བགྲོ་གླེང་གི་བརྗོད་གཞི་ནི་༼རང་ལུས་མེར་བསྲེགས་ཀྱི་ལས་འགུལ༽ཡིན་ནའང་། དེ་ལུགས་ཚུལ་ཇི་ལྟ་བུར་གླེང་སྟངས་ཐད་བསམ་བློ་གང་འཚམ་བཏང་བ་ཡིན། ད་ལྟ་ཕན་ལ་འདི་སྐོར་གླེང་བའི་དཔྱད་རྩོམ་དང་བསམ་ཚུལ་རྩོམ་ཡིག་གང་འཚམ་ཞིག་བྱུང་ཡོད་པ་དེ་དག་ནི་ནང་། རྒྱབ་ལྗོངས་ངོས་འཛིན་སོགས་ལ་ལྟ་ཚུལ་མང་པོ་ཞིག་སླེབས་ཀྱིན་ཡོད་པ་དེ་དག་གླེང་སློང་དང་འབྲེལ་ནས་སོ་སོའི་ལྟ་ཚུལ་སྣོན་འདེབས་བྱེད་པ་གལ་ཆེ་བར་མཐོང་སྟེ། དཔེར་ན། བོད་རིགས་ཤེས་ཡོན་པ་དང་སྲིད་དོན་ཆེད་མཁས་པས་གླེང་སྟངས་དང་། རྒྱ་རིགས་མཁས་པ་དང་ཤེས་ཡོན་པས་གླེང་སྟངས། ཕྱི་རྒྱལ་མི་རིགས་ཀྱིས་གླེང་སྟངས། བོད་གཞུང་དང་གྲོས་ཚོགས་ཀྱིས་ངོས་འཛིན་གནང་ཕྱོགས་བཅས་གླེང་སློང་དང་འབྲེལ་ནས། དོ་བདག་བགྲོ་གླེང་བ་སོ་སོའི་ལྟ་ཚུལ་གླེང་བའི་ཁ་ཕྱོགས་གསལ་འདོན་ཞུས་པས་མཚོན། བརྗོད་གཞི་རེ་རེ་གླེང་སྟངས་དང་རྩལ་དུ་འདོན་དགོས་ཀྱི་རིགས་གསལ་སྟོན་ཞུས་ཤིང་། ནང་གསེས་རེ་རེའི་ནང་གང་ཞིག་གསལ་འདོན་ཐུབ་དགོས་པའི་ནང་ཁུལ་གསལ་བཤད་དང་བཅས་ཏེ། དུས་ཡུན་ཉིན་ཁ་ཤས་རིང་སྡེ་ཚན་ཚོའི་ངོས་ནས་གྲ་སྒྲིག་བྱས་པའི་མཐའ་དོན་ལྟ་བུར།                  ༡༽མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས། ༢༽ མེར་སྲེག་ལས་འགུལ་བྱུང་འཕེལ་གྱི་རིམ་པ། ༣༽ མེར་སྲེག་ལས་འགུལ་གྱི་གྲུབ་འབྲས། ༤༽ མེར་སྲེག་ལས་འགུལ་འདི་ངོ་བོ་གཞན་དུ་འགྱུར་མིན། ༥༽ མེ་སྲེག་ལས་འགུལ་དང་ཁྱབ་བསྒྲགས་གནས་སྟངས། ༦༽ གཞུང་མང་གཉིས་ནས་འགན་ལེན་ཅི་ནུས་བཅས་ཀྱི་སྐོར་ནས་ད་རེས་བགྲོ་གླེང་བྱས་པ་རེད། ད་རེས་ཀྱི་བགྲོ་གླེང་སྐབས། དཔེར་ན། མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས་ནི་རྒྱ་ནག་གིས་ཐོག་མར་བོད་ལ་བཙན་འཛུལ་ནས་གླེང་དགོས་པ་དང་། ང་དགུ་ལོ་ནས་གླེང་བ། བརྒྱད་ཅུ་གྱ་གྲངས་ནས་གླེང་བ། ཉིས་སྟོང་བརྒྱད་ནས་གླེང་བ། རྒྱལ་གཅེས་ཆོས་གཅེས་དང་འབྲེལ་ནས་གླེང་བ། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ལ་བདག་སྤྲོད་མ་གནང་བའི་ཁར། མུ་མཐུད་དྲག་གནོན་གྱི་སྲིད་བྱུས་བཟུང་བའི་རྗེས་འབྲེལ་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་བྱུང་བའི་བར་ལྟ་ཚུལ་བཏོན་པས་མཚོན་བརྗོད་གཞི་རེ་རེའི་གནད་འགག་དེ་ཚོ་གླེང་ཐུབ་སོང་བསམ་པ་ཞིག་གི་ཚོར་སྣང་བྱུང་།

 

༣༽ བགྲོ་གླེང་གི་རྣམ་པ་ག་འདྲ་ཞིག་ཆགས་ཡོད་པའི་སྐོར་མདོ་ཙམ་གསུང་རོགས།

          ལན། བགྲོ་གླེང་ཟིན་བྲིས་ཚོགས་ཆུང་གིས་ཐོ་འགོད་བྱས་ཡོད་པ་རིང་མིན་ཕྱོགས་བསྡོམས་ཞུས་ནས་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་ཞུ་ཡི་ཡོད་པ་རེད། ངས་ནི་དམིགས་བསལ་ཟིན་བྲིས་བཏབས་བཞག་པ་གང་ཡང་མེད་དེ། མྱི་མང་གི་ཁ་ན་ཡེ་ཤེས་ཀྱི་སྤྱད་ཡོད་ཟེར་བ་དེ་རེད། ད་རེས་བགྲོ་གླེང་འདི་འདྲ་ཞིག་སྐུལ་སློང་བྱེད་མཁན་ཡིན་པའི་ངོས་ནས། བགྲོ་གླེང་སྐབས་དོ་སྣང་མང་ཙམ་བྱས་པ་ཡིན། ད་ལྟ་དྲན་ངོགས་ན་ཡོད་པ་ཐད་ཀར་ཞུས་པ་ཡིན་ན། ད་ལྟ་ཕན་ལ་ཚགས་པར་དང་དུས་དེབ་ཁག་གི་ནང་འདི་སྐོར་གླེང་མཁན་ཚོས་མ་གླེང་བའི་གནད་འགག་ཆེ་ཆུང་མང་པོ་ཞིག་གླེང་སློང་བྱས་སོང་། དཔེར་ན། ཕྱི་ལོ་ ༡༩༨༨ ལོ་ནས་ད་བར་གྱི་གཞས་པའི་གཞས་ཚིག་ལ་བལྟས་པ་ཡིན་ན། རྩ་དོན་གྱི་འཐབ་རྩོད་ལ་ཁ་ཕྱོགས་ཚུལ། རྩོམ་རིག་གི་ལམ་ནས་རྩ་དོན་སྒྲུབ་པའི་ཁ་ཕྱོགས་གསར་པ་དང་འཕེལ་ཤུགས། ༡༩༨༩ ལོའི་ལྷ་སའི་ཞི་རྒོལ་ཚུན་གྱི་བོད་མིའི་ཆིག་སྒྲིལ་སེམས་ཁམས་ཀྱི་ངོས་བཅས་ཀྱིས་མཚོན་པའི་བོད་མིའི་སྟོབས་ཤུགས་དང། གནད་འགག་ཅིག་ལ། མེར་བསྲེགས་ལས་འགུལ་གྱི་གྲུབ་འབྲས་ངོས་འཛིན་གྱི་སྐོར་ལ། འདིའི་གྲུབ་འབྲས་ནི་མེར་བསྲེགས་ལས་འགུལ་བ་ཚོའི་རེ་འདུན་དང་ཁ་ཆེམས་ཀྱི་ངོས་ནས་བལྟ་དགོས་པར་གླེང་བ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་དང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་འཕེལ་ཤུགས་བཅས་ཀྱི་ངོས་ནས་བལྟ་དགོས་པར་གླེང་བ། ད་དུང་བོད་དོན་ཐད་ཀྱི་གྲུབ་འབྲས་སྤྱིའི་དབང་དུ་བྱས་པ་ཡིན་ན། པཎ་ཆེན་སྐུ་ཕྲེང་བཅུ་པས་བརྩམས་པའི་ཁྲི་བདུན་ཡི་གེའི་སྙན་ཞུ་དང་། གོང་ས་མཆོག་གི་མཛད་འཕྲིན་གཉིས་ཀྱི་གྲུབ་འབྲས་འདིའི་ཕན་ནས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་འདི་གྲུབ་འབྲས་ཆེ་ཤོས་ཡིན་པའི་ངོས་འཛིན་དང་གླེང་སློང་གནང་བ། མེར་བསྲེག་ལས་འགུལ་བ་ཚོའི་ལོ་ཚད་དང་ཤེས་ཡོན་གནས་ཚད། ལས་འགུལ་བ་ཚོས་ཟླ་དུས་ཚེས་གྲངས་འདམས་ཕྱོགས་ལ་གནད་འགག་ག་རེ་ཡོད་མེད། མེར་བསྲེགས་གནང་ཡུལ་ས་གནས་ཀྱི་འདམས་ཀར་གནད་འགག་ག་རེ་ཡོད་མེད། ཁ་ཆེམས་དང་རེ་འདུན་གྱི་ངོས། ད་སྔར་མེར་བསྲེགས་ལས་འགུལ་སྤེལ་མཁན་མང་ཆེ་བ་དགོན་པ་དང་དགོན་པར་འབྲེལ་ཆགས་ཀྱི་ངོས་ནས་བྱུང་མང་བ་འདིས། བོད་ཀྱི་དགོན་སྡེ་ཁག་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་འཛིན་མཁན་དང་། བསྟན་པ་ཆབ་སྲིད་ཀྱི་གནམ་འདེགས་ཀ་བ་ཡིན་པའི་བབ་ཀྱིས། དགོན་པ་དང་དགོན་པའི་འབྲེལ་ཆགས་ནས་མེར་བསྲེགས་ལས་འགུལ་སྤེལ་བ་མང་པོ་བྱུང་དང་འབྱུང་གི་ཡོད་པའི་སྐོར། མ་འོངས་པར་ཁ་ཕྱོགས་གཞན་དུ་འགྱུར་མིན་ཐད། ད་ཕན་འབོམ་བཞག་ནས་གས་གཏོར་ཐེངས་དགུ་ཙམ་བྱུང་བ་རྒྱུ་མཚན་དུ་བགྲངས་ནས་ངོ་བོ་གཞན་དུ་འགྱུར་ངེས་པར་གླེང་བ་དང་། གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འདི་བོད་མིའི་སེམས་ཀྱི་ནོར་བུ་རྩ་ཆེ་ཤོས་ལྟ་བུ་ཡིན་སྟབས་ངོ་བོ་གཞན་དུ་འགྱུར་རྒྱུ་མིན་པའི་རྒྱུ་མཚོན་བཀོད་ནས་གླེང་བ་བཅས་མདོར་ན། མེར་བསྲེགས་ལས་འགུལ་འདིས་ཁ་མི་གྲག་མཁན་ཚོར་ཡང་ཁ་འགུལ་བའི་ནུས་པ་ཤིག་ཐོན་ཡོད་སྐོར་བཅས་ཕྱོགས་ངོས་མང་པོ་ནས་གླེང་སོང་སྟབས། ད་རེས་ཀྱི་བགྲོ་གླེང་འདི་གཞི་ལ་བཞག་ནས་རྩོམ་ཡིག་ཅིག་འབྲི་བའི་དབང་དུ་བཏང་ན། རྩོམ་ཡིག་ལེགས་པོ་ཞིག་ཏན་ཏན་འབྲི་བཞེངས་ཐུབ་པར་འདུག་ཨང་བསམ་པ་ཞིག་གི་ཚོད་དུ་གླེང་སོང་།

          མདོར་བསྡུས་ན། ད་རེས་ཀྱི་བགྲོ་གླེང་ནི་འཁྲུག་ཆ་དོད་པོ་དང་། གནད་འགག་ཆེ་ཆུང་མང་པོ་གླེང་སློང་ཡག་པོ་བྱུང་སོང་། མེར་བསྲེགས་ལས་འགུལ་གྱི་འཕེལ་རིམ་ནས་བཙན་བྱོལ་གཞུང་མང་གཉིས་ནས་འགན་ལེན་ཅི་ནུས་བར་གྱི་བརྗོད་གཞིའི་གནད་འགག་ཚང་མ་གླེང་སློང་ཐུབ་སོང་བསམ་པ་ཞིག་བྱུང་། ཡིན་ནའང་། ད་དུང་མུ་མཐུད་ནས་འདི་སྐོར་བགྲོ་གླེང་གཞི་རྒྱ་ཆེ་བ་ཞིག་གི་ངོ་བོ་ནས་གླེང་བ་ཡིན་ན། རྩ་དོན་འཐབ་རྩོད་ཀྱི་ལོ་རྒྱུས་འགྱུར་མཚམས་གལ་ཆེན་ཞིག་ཡིན་པའི་མེར་བསྲེགས་ལས་འགུལ་འདི་ངོས་འཛིན་དང་བཅས་པའི་ཤེས་དགོས་པ་མང་དག་ཅིག་དང་གླེང་དགོས་པ་མང་དག་ཅིག་གསལ་འདོན་ཐུབ་པ་ཡོང་གི་རེད་འདོད། དེ་ཙམ་ཡིན། ཐུགས་རྗེ་ཆེ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php