༑རོལ་མྱོང་ཐེངས་གཅིག་གི་བཟི་གཏམ་ཐོར་བུ།
ཀ
བྲག་རྫོང་ཕུ་ལ་འཕུར་བའི་རྒྱུས་མེད་བྱ།
ས་ཕྱོགས་གང་ནས་འོང་པ་ངས་མ་ཚོར།
ནུས་མེད་སེམས་འདིས་གང་གི་རྐང་བ་ཟུང༌།
འཆིང་བར་མ་ནུས་གར་སོང་འང་ཆ་མ་འཚལ།
འདི་ཡང་ལྷ་ཡི་ཕོ་ཉའི་གསུང་འཕྲིན་དེ།
དེ་དོན་ཅི་སྙམ་བདག་གི་སེམས་པའི་བྱ།
བྱ་ལམ་རྗེས་མེད་རྗེས་ལ་འདེད་པ་བཞིན།
པད་དཀར་ལྡུམ་རའི་ཚལ་ཡངས་ཉུལ་ལ་རིངས།
༡
གང་ལས་བྱུང་བ་མ་ཚོར་ཆག་སྒོ་གང༌།
གང་དང་གང་གི་བར་ལ་མཐུན་རྐྱེན་བཞིན།
བྱུང་འདིས་རྒྱུས་མེད་འདབ་ཆགས་འདི་སྙམ་དུ།
བསམས་པའི་འཕྲོ་ལ་དེ་མིན་གཞན་ཞིག་གིས།
སླར་ཡང་རྗེས་མེད་བྱ་ལ་རྗེས་འདེད་བྱས།
༢
མིང་མེད་དྲང་སྲོང་བགྲེས་སོང་ཕེ་རེ་ཤུ
རཱ་དྷ་ར་ནེས་ཡིད་འོང་གཞོན་ནུ་མ།
སྐད་ཆའི་སྒམ་ཆུང་བུ་ཆུང་སཱ་ཏི་ཤ
ལྷག་པར་ཆུང་གྲོགས་དམ་པ་གྷོར་མའོ་ཧན།
དཔྱོད་ལྡན་བྷི་ནའོའི་མ་འདྲེས་མཉེས་གཤིན་གྲོགས།
སུ་ཞིག་པད་དཀར་ལྡུམ་རའི་མཛེས་རྒྱན་སྟེ།
ལྷ་ཡི་ཕོ་ཉ་ཡིན་སྙམ་ཀུན་རྟོག་འཁྱམས།
༣
ཤེས་ཡོན་སྒྲོ་གཤོག་ལྷན་ཅིག་ཐོགས་པ་ཡི།
མ་གཅིག་བྱང་ཁོག་བརྒྱུད་འདྲའི་སློབ་གྲོགས་གཉིས།
མི་མཐུན་ཆོས་ཚོགས་དག་གི་འགལ་ཟླའི་ཁྲོད།
ལྟ་བའི་བར་ལ་རང་བྱུང་ལྕགས་རི་ཞིག
གྲུབ་པ་དེའང་ཅི་ལས་བྱུང་སྙམ་དཔྱད།
༤
སྔགས་འཆང་ཁི་རེས་ཤུ་ན་དྷ་ཡལ་གྱིས།
སེམས་དཀར་བཞིན་ནག་ཨ་ནན་དྷ་མོ་ཡེའར།
གངས་དཀར་རི་བོ་སྟག་ཤར་གྷོ་ར་འདི།
ཇི་ལྟར་བསྐྲུན་ནམ་སྙམ་པའི་སོམ་ཉིས་གཡོས།
འདི་ཡང་གར་བྱུང་མ་ཤེས་བྱི་འུ་ཞིག
༥
མེ་ཏོག་དཀར་པོས་དཀོན་མཆོག་མཆོད་པ་ཡི།
རྨི་ལམ་ནང་ལ་ལྷ་སྲས་དཀར་པོ་ཞིག
མཇལ་བ་མངོན་སུམ་གྲུབ་པའི་དངོས་གྲུབ་དེ།
དཀོན་མཆོག་ལྷ་ཡིས་གནང་བའི་ཕོ་ཉར་ཤེས།
འོན་ཀྱང་ཆོས་དང་མི་རིགས་མི་གཅིག་པའི།
ཁྱིམ་གཅིག་འབྲེལ་བ་འདི་ཡང་ཇི་ལྟར་དང༌།
ཅི་འགྱུར་མཐའ་འབྲས་ཅི་འབྱུང་སེམས་ཤིང་འཚབ།
༦
ཆེ་ཆུང་རབ་འབྲིང་མཐོ་དམའ་མི་འདྲའི་ཐོག
ལྟ་སྤྱོད་བསམ་འདུན་ཀུན་ཀྱང་མི་མཐུན་པའི།
འདྲ་མིན་མི་སྣ་མང་པོའི་འགལ་འབྲེལ་གྱི།
བྱུང་རིམ་ལུ་གུ་བརྒྱུད་ཀྱི་གཏམ་རྒྱུད་དག
རང་སྣང་བསླུ་བའི་སྒྱུ་རྩལ་ཞིང་ཁམས་ཤིག
ཁ
རྒྱུས་མེད་བྱ་ལ་རྗེས་འདེད་བྱེད་པའི་ཞོར།
པད་དཀར་ལྡུམ་རའི་མཛེས་སྡུག་འདི་ལྟར་མཐོང༌།
༡
མི་སྣ་རེ་རེ་མིག་ལ་མངོན་སུམ་དང༌།
གླེང་མོལ་གང་གང་རྣ་བར་ལྷང་ལྷང་ལྷང༌།
སེམས་ཁམས་རེ་རེའང་མངོན་སུམ་སྣང་བར་གྱུར།
༢
མཚམས་རེར་བྱམས་བརྩེ་དྭངས་མའི་བཞིན་རས་རེ།
སྐབས་རེར་མྱ་ངན་ཤུགས་ཀྱི་དབུགས་རིང་རེ།
ལ་ལར་བརྩེ་དུང་ཞིམ་པོའི་མངར་ཁ་རེ།
ཀུན་ལ་བློ་སྒོ་སྐྱེད་བྱེད་མན་ངག་རེ།
ཀུན་རྟོག་བསླུ་བའི་སྒྱུ་འཕྲུལ་ཀུན་ཏུ་མངས།
༣
མི་ཚང་རེ་གཉིས་ཤིག་གི་སྒོ་བྱང་ལས།
རྒྱ་གར་ཁྱིམ་ཚང་ཆེན་པོའི་ཕྱི་ནང་རྟོགས།
མི་སྣ་གཙོ་ཕལ་འགའ་རེའི་གཟུགས་བརྙན་ལས།
མི་ཚོགས་ཁྲི་སྟོང་ཞིག་གི་བསམ་འདུན་ཚོར།
༤
མི་སྣའི་སེམས་ཚོར་རང་བྱུང་ཁམས་ལ་འདྲེས།
རང་བྱུང་ཁོར་ཡུག་མི་སྣའི་སེམས་ལ་འདྲེས།
བྱེད་པོ་རང་ཡང་དེ་དང་ལྷན་དུ་སྟེ།
ཀློག་མཁན་བདག་ཀྱང་དེ་དག་ཁྲོད་དུ་ཐིམ།
ག
རྒྱུས་མེད་བྱ་ཡི་རྐང་རྗེས་མ་རྙེད་གོང༌།
རྒྱུས་མེད་མི་འགའི་ངོ་གདོང་འདི་ལྟར་མཐོང༌།
༡
རང་གི་སྲོལ་རྒྱུན་རྗེས་ལུས་སྙིགས་མར་བསམས།
དབྱིན་ཇིའི་ལྟ་སྤྱོད་སྔོན་ཐོན་བཅུད་དུ་བསྒོམས།
ཡོད་ཚད་གསར་བརྗེའི་ལམ་དུ་ཨུ་ཚུགས་མཁན།
བྷ་རའོ་དྷ་ཡི་གསར་ཞེན་ཧོལ་རྒྱུགས་ཀྱི།
རྗེས་འབྲང་རང་རེའི་གཞིས་བྱེས་ཁྲོད་ནའང་མངས།
༢
ཀྲོག་ཀྲོག་ཚ་བའི་རང་སྣང་མི་མཐོ་ལ།
ཨ་མའི་བཙན་དབང་བཀའ་ལས་མི་འདའ་བའི།
སྣང་སྐྱིད་འགྲོགས་བདེ་བུ་མོ་ལཱ་བྷོན་ཡང༌།
བོད་ཀྱི་ཨ་མ་འགའ་རེའི་མདུན་རྒྱབ་ན།
རང་ཚུགས་མེད་པར་འགྲོ་བ་སུས་མ་མཐོང༌།
༣
རང་གི་རང་དབང་མ་ལའང་མི་འཆོར་ཅིང༌།
བདེན་པའི་གཏམ་དང་བསམ་འདུན་སྨྲ་སྤོབས་པ།
མི་ཁའི་རླུང་གིས་མི་འཁུར་ལཱོ་ལི་ཏཱ།
ལྷད་མེད་བརྩེ་དུང་ཟབ་པའི་མཛངས་མ་ནི།
བདག་གི་གཡས་དང་གཡོན་ན་རེ་གཉིས་ཙམ།
༤
བུ་མོ་རྣམས་དང་རྩེད་འཇོར་གཡེང་བ་ཡི།
སྤྲོ་སྣང་ཅན་གྱི་གཞོན་ནུ་སུའི་དྷེར་དང༌།
དེང་གི་གཞོན་ནུ་ཕལ་གྱི་བར་ཁྱད་ལ།
དུས་ཀྱི་སྔ་ཕྱི་ཙམ་ལས་ཅི་ཞིག་ཁྱད།
༥
རང་གི་འཁོར་ནང་རང་མཐོང་ཆེ་བ་ཡི།
རང་རིགས་མེད་ན་མེད་པའི་ཧཱ་རན་འདྲའི།
བརྩེ་དུང་མེད་ཀྱང་ཨུ་ཚུགས་ཚ་བོ་ཅན།
ཁ་སང་དེ་རིང་གཞིས་བྱེས་ཀུན་ན་མངས།
༦
རྨོངས་དད་རིགས་ཞེན་ཁོ་ནའི་མིག་དབང་གིས།
བཀུར་འོས་སྐྱེས་བུ་མཆོག་གི་ལྷར་སྣང་བའི།
ཨ་བྷི་ནཱ་ཨི་ཡཱ་ཡི་རྗེས་རབས་པ།
བོད་འདིར་གནའ་ནས་ད་བར་རྒྱུན་མ་ཆད།
༧
བཟའ་ཟླ་གཅིག་ཤི་གཅིག་བླངས་མྱ་ངན་མང།
ལྟ་སྤྱོད་གཅིག་བརྗེས་གཅིག་དོར་བརྟུལ་ཞུགས་མང༌།
བྱ་བ་གཅིག་ཐོག་གཉིས་བསྣན་ཁུར་བོ་ལྕི།
དགྲར་བསྟུན་གཉེན་སྐྱོང་འཁོར་བའི་སྣང་ཚུལ་བརྒྱས།
འཁོར་བར་ངེས་འབྱུང་ཐར་བའི་ལམ་འཚོལ་བ།
རྣལ་འབྱོར་ཁི་རེས་ཤུ་ན་དྷ་ཡལ་གྱི།
ཟླ་བོར་ཆས་པའི་ཆོས་པ་ཡོད་དམ་མེད།
༨
བྱིས་དུས་མནའ་མར་སོང་ནས་སྡུག་དགུ་མྱངས།
ཁྱོ་ག་བུ་གཉིས་རྐྱེན་ངན་ནད་ཀྱིས་གྲོངས།
བུ་མོ་ཁྱོ་བོས་མནར་ནས་ཚེ་སྲོག་ཤོར།
ཐ་མར་ཁྱབ་འཇུག་སྐུ་ལ་རེ་བཅོལ་བ།
ཁྱིམ་སྤང་བྱ་བྲལ་ཧཱ་རེས་མའོ་ཧིས་ནེས།
ལས་ངན་ཡུགས་མོའི་ལས་འཕྲོ་སྐྱོང་བ་ཡི།
སྐྱེ་བ་དམན་པའི་ལས་ཚུལ་ཀུན་ན་སྣང༌།
༩
ཞི་དུལ་བག་ཡོད་ཕྱི་ཐག་རིང༌།
སྐྱེས་སྦྱང་རིག་པའི་ཁོ་ལག་རྫོགས།
ཀུན་གྱི་སྙིང་སྡུག་ཅང་ཤེས་རྟ།
དེང་གི་བྷི་ནའོ་འདི་འོ་ཞེས།
ཁ་བ་ཅན་ན་ཁ་ཁེར་ཙམ།
༡༠
གཞུངས་བཟང་ཕ་མར་སྲི་ཞུ་ཆེ།
ལུགས་དང་སྲོལ་ལ་གུས་པ་ཆུང༌།
རང་གི་རིགས་ལ་ལར་ཞེན་སྦོམ།
ནོར་དང་འདོད་ལ་འདུན་པ་ཕྲ།
དོན་དམ་ཞི་བའི་ཆོས་ལ་མོས།
མཛེས་མཛངས་ཤེས་རབ་ཀུན་འཛོམས་པའི།
སུའུ་ཆར་རས་ཏཱ་ཀུན་བཟང་མོ།
འཛམ་གླིང་མཛེས་མའི་ཁྲོད་ན་དཀོན།
༡༡
དགའ་སྡུག་ཆགས་སྡང་ཉོན་མོངས་མཐའ་ལ་དེད།
དཀོན་མཆོག་དངོས་གྲུབ་ཏིང་འཛིན་ཀློང་ལ་བསྡུས།
ཞི་དུལ་བག་ཡངས་བྱམས་བརྩེའི་ཐུགས་དཀྱེལ་ཡངས།
ཆོས་ལུགས་རིས་མེད་སློབ་དཔོན་ཕེ་རེ་ཤུ
དེང་ཡང་འཛམ་གླིང་ཞི་བདེའི་དེད་དཔོན་གྱི།
རྣམ་པར་སྤྲུལ་བ་རེ་འགའ་བཞུགས་པ་སྤྲོ།
༡༢
རིགས་རུས་ལྕགས་སྒྲོག་གཏོར་བའི་དཔའ་མོ་དང༌།
ཁྱིམ་གྱི་ལས་ཀུན་བྱེད་པའི་བདག་མོ་སྟེ།
དྭ་ཕྲུག་དག་གི་ཡུམ་ཆེན་ཀུན་སྙོམ་མ།
ངེས་དོན་ལྷ་མོ་ཨ་ནན་དྷ་མའོ་ཡེའ།
པད་དཀར་ལྡུམ་ར་ཁོ་ནའི་ཞིང་ཁམས་ལས།
མི་ཡུལ་འདི་ན་མི་ཡི་རྣམ་རོལ་སུ།
༡༣
རྙེད་བཀུར་སྙན་གྲགས་མི་ཆོས་རིང་དོར་ཡང༌།
རིགས་ཞེན་ལ་རྒྱའི་ཁུ་ཚུར་ལྕགས་ལས་མཁྲེགས།
རང་གི་རྒྱལ་ཁབ་རང་གི་སྲོག་ལས་གཅེས།
ཡུལ་དུས་གནས་སྐབས་བྱ་བའི་འཇུག་ལྡོག་མཁས།
འཚེ་མེད་རྒྱལ་གཅེས་དཔའ་རྒོད་གྷོར་མའོ་ཧན།
ལྷ་ཡི་ཕོ་ན་ལྷ་ལྡན་ཞིང་ཁམས་འདིར།
རེ་རེས་མི་འོང་བརྒྱ་ཕྲག་འབྱོན་གྱུར་ཅིག
ང
རྒྱུས་མེད་བྱ་ལ་རྗེས་འདེད་བྱས་བྱས་ནས།
པད་དཀར་ལྡུམ་རའི་ལྟད་མོ་གཞན་ཡང་མཐོང༌།
༡
མི་སྒེར་ཤ་འཁོན་རྩོད་པ་མི་མཐོང་ཡང༌།
མི་རིགས་རྒྱལ་ཁབ་འཐབ་རྩོད་མངོན་པར་གསལ།
མདའ་མདུང་མཚོན་གྱི་འཇིགས་པ་འདིར་མེད་ཀྱང༌།
འགལ་ཟླའི་ལྟ་གྲུབ་རྣོ་ངར་ཁོང་ན་འབར།
༢
དྲག་པོ་དམག་གི་བཙན་འཛུལ་མཐུ་ཆུང་ཡང༌།
ཞི་བ་ཆོས་རིག་ཤུགས་རྐྱེན་གཞན་ལས་བཙན།
གཉའ་གནོན་བཤུ་གཞོག་གདུག་རྩུབ་མི་ཆེ་ཡང༌།
གཡོ་ཁྲམ་ཁྲིམས་ཀྱི་གཉའ་ཤིང་ལྗིད་རེ་ཆེ།
༣
བླ་གྲྭ་སྟོང་གི་དགོནསྡེ་མི་སྣང་ཡང༌།
ཆོས་དད་ཆོས་ཚོགས་འདུ་ལོང་རྣམ་པ་མངས།
རང་སྲུང་རྒོལ་ལན་དམག་གི་དཔུང་མེད་ཀྱང༌།
ངེས་དོན་དཔའ་མཛངས་རྒྱལ་གཅེས་བློ་སྟོབས་རྒོད།
ཅ
རྒྱུས་མེད་བྱ་ཡི་བྱ་སྐད་ཡིན་ནམ་ཅི།
ལྷ་ཡི་ཕོ་ཉའི་ལུང་བསྟན་གསུང་འགའ་ཐོས།
༡
ཨུ་ཚུགས་རྙིང་ཞེན་མགོ་མཁྲེགས་རྒན་རབས་ཚོས།
ལུགས་སྲོལ་ཁོ་ནས་ལམ་གསར་འགོག་ཉེས་ན།
དུས་རབས་གསར་བའི་འཚོ་ལམ་མི་རྙེད་གསུངས།
༢
ཨ་གསར་རྟ་རྒྱུག་ཅོལ་ཆུང་གསར་བུ་ཚོས།
རང་གི་རིགས་ཀྱི་ཞབས་འདྲེན་མངས་གྱུར་ན།
རང་རིགས་རང་མགོ་ཐོན་པའི་དུས་མེད་གསུངས།
༣
ཕ་མ་དག་ཀྱང་བུ་དང་བུ་མོ་རྣམས།
རང་དབང་རང་མོས་གཉེན་ལམ་བཀག་པ་ན།
བདེ་སྐྱིད་གསར་བའི་ཁྱིམ་གཞི་མི་འགྲུབ་གསུངས།
༤
བུད་མེད་ཀུན་ཀྱང་དུས་ཀྱི་འགྲོས་བཞིན་དུ།
ཤེས་རིག་ལག་རྩལ་ཐོབ་ཐང་མ་བརྩད་ན།
ཕོ་མོ་འདྲ་མཉམ་གོ་འཕང་མི་འཐོབ་གསུངས།
༥
ཆོས་པ་རྣམས་ཀྱང་ཕྱོགས་ཞེན་མ་གནང་བར།
ཆོས་ལུགས་རིས་མེད་མཐུན་པར་འགྲོགས་ཤེས་ན།
འདི་ཕྱི་གཉི་གའི་དོན་ཆེན་འགྲུབ་པར་གསུངས།
༦
ཁྲིམས་དཔོན་སོགས་ཀྱང་དཀར་ནག་མི་བསྲེ་བར།
ཉེ་རིང་མེད་པར་ཁྲིམས་ལུགས་ཀུན་སྙོམ་ན།
སྤྱི་ཚོགས་བདེ་འཇགས་གཞི་རྩ་ཡིན་པར་གསུངས།
༧
མི་རབས་གསར་བས་རང་སྲིད་རང་སྐྱོང་འགན།
ཕྲག་ཏུ་བླངས་ཏེ་དུས་རྗེས་སྙོག་ཅིག་དང༌།
ལོ་རྒྱུས་གསར་བའི་འཁོར་ལོ་སྐོར་ནུས་གསུངས།
༨
མདོར་ན་འགྲོ་བ་མི་རྣམས་འདྲ་མཉམ་དང༌།
ཆོས་ལུགས་མཐའ་དག་སེམས་ཀྱི་གཟུངས་སྔགས་དང༌།
ཆོས་སྲིད་ལུགས་གཉིས་ཐུན་མོང་ལམ་ཆེན་དུ།
ཤེས་ནས་ཞི་བདེའི་དཔལ་ལ་ལོངས་སྤྱོད་གསུངས།
ཆ
ཉི་དབང་མགོན་པོའི་ཉིན་བྱེད་བློ་མཆོག་གིས།
རབ་བསྐྱེད་པད་དཀར་ལྡུམ་རའི་མཚར་སྡུག་གཟུགས།
བདག་ཅག་སྐལ་བའི་ལོངས་སྤྱོད་གསར་བ་རུ།
ཆོས་གྲགས་སོར་མོའི་འདུ་བྱེད་ངལ་བའང༌།
དོན་དང་བཅས་སྙམ་དགའ་བ་ཁོང་ནས་འཛུམ།
རྒྱུས་མེད་བྱ་ཡི་རྗེས་ཀྱང་ཆོད་ནས་བྱུང༌།
ལག་རྗེས་རྐང་རྗེས་ཀུན་ཀྱང་རྒྱུས་ཡོད་གྱུར།
འོན་ཀྱང་བྱ་ཚོགས་དུ་མའི་མཚོ་གླིང་ན།
བྱ་འཁྱམ་ཁྱུ་ཞིག་འཕུར་ལམ་མ་མཐོང་སྐྱོ།
ལྷ་ཡི་ཕོ་ཉ་ཐང་དཀར་རྒོད་པོའི་རྩལ།
ཆབ་བྲག་ཕོ་ཉ་བྱི་འུས་འདི་ཙམ་འཇལ།
ཀློག་ཐེངས་གཅིག་གི་བཟི་གཏམ་ཐོར་བུ་འདིར།
ཉེས་པ་ཅི་མཆིས་ལྷ་ཡི་ཕོ་ཉས་གཟིགས། །
༢༠༠༤།༡༡།༨།
admin (Sunday, 21 April 2024 09:45)
1
admin (Sunday, 21 April 2024 05:08)
1