༄།རྟོག་འཆར་རྩོམ་རིག་གི་ངོ་བོ་དང་ཁྱད་ཆོས་སྐོར་ཞེས་པ་རགས་གླེང།
།རྟོག་པའི་འཆར་སྣང་བཟོ་བོའི་འཕྲུལ་ཐབས་ལས།
།ལེགས་བྱོན་རྨད་བྱུང་དབྱངས་ཅན་ལྷ་མོ་ཞེས།
།མཁས་ཀུན་སྙིང་གི་དཔྱིད་གཅིག་དགའ་མ་འདིས།
།བདག་དང་ཁྱེད་ལ་དགའ་བརྒྱའི་དཔལ་སྟེར་ཤོག
དེ་ཡང་རྟོག་འཆར་རྩོམ་རིག་ཅེས་པ་རྟོག་བཏགས་དང་འཆར་སྣང་ཅི་རིགས་པའི་སྒྱུ་རྩལ་རང་བཞིན་གྱི་རྩོམ་རིག་སྤྱི་དང༌། ཡང་ན་རྟོག་པ་འཆར་ཡན་གྱི་བསྡུས་ཚིག་ལའང་གོ་ཆོག་མོད། འདིར་དང་པོ་ལྟར་སྒྱུ་རྩོམ་སྤྱིའི་ངོ་བོ་དང་དབྱེ་བ། གཞི་རྩའི་ཁྱད་ཆོས་བཅས་ནས་རགས་ཙམ་གླེང་ན་འོས་པར་སྙམ།
གཅིག རྟོག་འཆར་རམ་སྒྱུ་རྩལ་རྩོམ་རིག་གི་ངོ་བོའམ་རང་བཞིན།
༡། སྒྱུ་རྩོམ་ལ་མཛེས་སྣང་ངེས་ཅན་ཞིག་ལྡན་དགོས།
དེ་ཡང་སྙན་ངག་མེ་ལོང་མར། ། སྙན་ངག་མཛེས་པར་བྱེད་པ་ཡི། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། ཅེས་དང༌། ཨ་རིའི་སྙན་ངག་པ་ཨེ་ལོ་པཱོས། སྙན་ངག་གི་སྙན་ཆ་ནི་ཆེས་མཐོའི་དམིགས་ཡུལ་དང་མཛེས་ཁམས་ཀྱི་དམིགས་ཡུལ་ཡིན། ཞཻས་དང༌། ཨུ་རུའི་རྩོམ་རིག་སྨྲ་བ་མཁས་དབང་ལེན་ཟི་ཁེས། སྙན་རྩོམ་གྱི་རང་བཞིན་ནི། གཟུགས་མེད་སེམས་ཀྱི་ངོ་བོ་ལ། གསོན་ཉམས་ཐོན་པ་དང༌། མངོན་སུམ་གྱི་སྣང་ཡུལ་དང༌། མཛེས་སྡུག་གི་རྣམ་པ་ལྡན་པར་བྱེད་པ་ཡིན། ཞེས་གསུངས་པ་དག་གིས་སྙན་ངག་གམ་སྒྱུ་རྩལ་རྩོམ་རིག་གི་ངོ་བོ་ལ་མཛེས་སྣང་ཁྱད་པར་བ་སྦྱིན་ནུས་པའི་སྒྱུ་རྩལ་གྱི་རྒྱན་དང་ལྡན་པ་ཞིག་དགོས་པ་དེ་གསལ་བོར་བསྟན་ཡོད།
༢། སྒྱུ་རྩོམ་ལ་གསོན་ཉམས་མངོན་གསལ་དོད་པོ་ལྡན་དགོས།
དེ་ཡང་གོང་གི་ལེན་ཟི་ཁེའི་གསུང་ཚིག་དེའི་ནང་གསལ་ལ། ཀོའར་ཅིས། སྒྱུ་རྩལ་རྩོམ་རིག་ནི་སྒྲ་སྤྱིའི་གོ་བ་བསྐྱེད་པ་མིན་པར། རྣམ་པ་དང་གཟུགས་ཀྱི་སྒོ་ནས་དོན་མངོན་སུམ་དུ་སྟོན་པ་ཡིན། ཞེས་དང༌། སྙན་ངག་མེ་ལོང་མར་ཡང༌། ཉམས་དང་འགྱུར་བ་དག་གིས་གཏམས། ཞེས་དང༌། ཉམས་ལྡན་ཡིད་འོང་ཉམས་དང་ལྡན་ཞེས་པ་སོགས་དཔེ་མཚོན་ཡང་གསལ་བོར་བཀོད་ཡོད་ལ། དེ་ལྟར་གསོན་ཉམས་ལྡན་པའི་ཚེ་སྲོག་གཙོ་བོ་ནི་ཡིད་འགྱུར་ལ་རག་ལས་སོ།
༣། སྒྱུ་རྩོམ་ལ་ཟུར་མིག་གི་མཚོན་དོན་ལྡན་དགོས།
དེ་ཡང་མེ་ལོང་མར་ཡང༌། སྙན་ངག་མཁན་ཆེན་རྣམས་ཀྱི་ངག་རྣམས་ལས། །སླར་ཡང་དངོས་པོ་གཞན་པ་རྟོགས་པ་ཡོད། ཅེས་དང༌། ཨུ་རུ་སུའི་སྙན་ངག་པ་དབྱི་ས་ཁི་ཧྤུ་སི་ཆིས། སྙན་རྩོམ་བཟང་པོ་དག་གི་མཚོན་དོན་སྦས་ནས་ཡོད། ཅེས་དང༌། གཞན་ཡང། བརྗོད་སྙིང་ནི་སྤྱི་ཚོགས་འཚོ་བ་མངོན་པར་མཚོན་པའམ། སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཟོ་བྱེད་པ་ཞིག་གི་ཐོག་ནས་མཚོན། ཞེས་པ་སོགས་ཀྱིས་གསལ་བོར་བསྟན་ཡོད།
༤། སྒྱུ་རྩོམ་ནི་རྟོག་བཟོའི་སྣང་བརྙན་ཞིག་ཡིན་དགོས།
དེ་ཡང༌། སྒྱུ་རྩོམ་གྱི་བརྗོད་བྱ་ནི་སྒྲོ་བཏགས་ཀྱི་འཇིག་རྟེན་དང༌། རྟོག་བཟོས་ཀྱི་འཇིག་རྟེན་ཞིག་ཡིན།
སྒྲུང་གཏམ་དང་སྙན་ཚིག་ཟློས་གར་ནང་དུ་བཤད་དོན་སྒྲས་ཟིན་ལྟར་གྱི་བདེན་པ་གཅིག་ཀྱང་མེད་ལ། ཚད་མས་གྲུབ་པའི་བརྗོད་བྱ་མིན་ནོ། ཞེས་དང༌། མེ་ལོང་མར་ཡང༌། དེ་ནི་ད་ལྟའང་རྣམརྟོག་སྟེ། དེ་དག་མ་ལུས་སུས་འཆད་ནུས།
ཞེས་སྙན་རྩོམ་གྱི་ཚིག་དོན་ཚང་མ་སྙན་ངག་པའི་རྣམ་པར་རྟོག་པའི་རྗེས་སུ་འགྲོ་དགོས་ཚུལ་གསུངས་ཡོད་དོ།
དེ་ལྟར་ན་མཁས་དབང་དོར་ཞིས། སྒྱུ་རྩལ་གྱི་རང་བཞིན་དང་པོ་རྟོག་བཟོ་སྒྲོ་བཏགས་ཡིན་པ་དང༌། གཉིས་པ་ནི་སྒྲ་སྤྱི་དང་དོན་སྤྱི་འཆར་བའི་ཚུལ་ལ་བརྟེན་པ་མིན་པར།
མངོན་སུམ་གྱི་སྣང་བརྙན་འཆར་བའི་ཚུལ་ལ་བརྟེན་ཀློག་པ་པོའི་ཡིད་ངོར་སྣང་དུ་འཇུག་པའོ། ཞེས་པའི་ཁ་སྣོན་དུ་ད་དུང་སྒྱུ་རྩལ་གྱི་མཛེས་སྣང་དང༌།
ཟུར་མིག་གི་མཚོན་དོན་བཅས་པའི་ཁྱད་ཆོས་གཉིས་བསྡོམས་ན་ད་གཟོད་སྒྱུ་རྩལ་རྩོམ་རིག་སྤྱིའི་རང་བཞིན་གསལ་བའི་སྡོམ་ཚིག་ཅིག་གྲུབ་པར་སྙམ་མོ།
མདོར་ན། ཐབས་རྩལ་དང་མཚོན་དོན་གཉི་གའི་ཆ་ནས་རྟོག་བཏགས་འཆར་ཡན་གྱིས་ཕྱུག་ཅིང་ཉམས་འགྱུར་ཕུན་སུམ་ཚོགས་ལ།
མཚོན་དོན་ཡང་ཐད་བརྗོད་ལས་ཟུར་དང་ཤུགས་ཀྱིས་གོ་སྟོབས་བསྐྱེད་པའི་ཕྱོགས་ཡོངས་ནས་མཛེས་སྣང་ཁྱད་པར་སྦྱིན་ནུས་པའི་རྩོམ་རིག་བརྩམས་ཆོས་ཤིག་གྲུབ་ན། སྙན་ངག་དམ་པའི་རྒྱན་ལྡན་ནི། བསྐལ་པའི་བར་དུ་གནས་པར་འགྱུར།
ཅེས་པའི་ཚད་གཞིར་སླེབས་ཐུབ་བོ།།