ཁ་སང་དེ་རིང་།

 

ལེའུ་ཀ་པ།

 

དྲྭ་མིང་ལ་ཁ་སང་དང་། དེ་རིང་ཞེས་བཏགས་པ་སོགས་ས་ཆ་གང་ཡིན་དང་མིང་ལ་ཅི་ཟེར། ལོ་ན་དུ་ཡིན་སོགས་ཕན་ཚུན་རྒྱུས་མེད་ཀྱི་མི་སྐོར་ཞིག་གིས། ཁ་སང་དེ་རིང་ཟེར་བའི་གསར་དུ་བཙུགས་མ་ཐག་པའི་སྐད་འཕྲིན་གླེང་ཚོམས་ནང་དུ་ཁ་བརྡ་འདི་འདྲ་ཞིག་གི་འགོ་བརྩམས་སོང་། ༼འོ་ང་ཡང་དེའི་ནང་གི་ལྐོག་ཉན་པ་ཞིག་ཡིན་པ་ཤེས་དགོས།༽

 

དེ་རིང་གིས། "ཡ་་་ཁ་སང་དེ་རིང་གི་ཁ་ཏི་རྐྱ་ཏི་ཚོ། ད་སྤྱང་རྟུག་གཡུགས་ཡོད་ཀ ཨ་ལ་ལ་ལ་་་་ཚང་མ་གཙང་ཕྱགས་བྱས་ཚར། ལེན་འོས་པ་གཅིག་ཀྱང་མེད་ཀི"

ཁ་སང་གིས། "ལེན་རྒྱུ་མང་གི་ཡ་་ སྔོན་ཆད་གོ་ཡང་མ་མྱོང་བའི་ཡ་མཚར་བ། ངོ་ཚ་བ། སྐྲག་སྣང་སྐྱེ་བ་སོགས་ད་མང་གི་ཡ་་་"

དེ་རིང་གིས། "ང་ལ་མཚོན་ན་གསར་བ་མིན་པར་མ་ཟད་ཡ་མཚར་དགོས་པ་སོགས་གཅིག་ཀྱང་མེད་ཀི ཁ་སང་དེ་རིང་གི་རྒྱུན་ལྡན་གནས་ཚུལ་རྐྱང་རྐྱང་རེད།"

ཁ་སང་གིས། "རྒྱུན་ལྡན་གནས་ཚུལ་ཨེ་་་ དེས་ན་ད་ཁྱོད་ཚོ་རྒྱུན་ལྡན་མིན་སོང་བ་རེད་པ་་་ངས་སྙིང་ན་གི་ཡ་་་"

དེ་རིང་གིས། "ཁྱོད་སྡུག་གྱོང་རེད། སུས་ཤོག་ཟེར། ཚོགས་པའི་མིང་ལ་ཅི་ཟེར་གི་འདུག"

ཁ་སང་གིས། "ཁྱོད་སྐྱིད་ཅིག་ཡོད་ན་ང་ད་སྡུག་ན་སྡུག་ར་་་ ཁ་སང་དེ་རིང་གི་མི་ཚང་མ་ཁྱོད་འདྲ་བ་མ་རབས་ཏག་ཏག་ཡིན་དུས་ད་ཚར་འདུག་ག"

དེ་རིང་གིས། "དེས་ན་ཡ་རབས་ཁྱོད་འདྲ་མ་ཏག་ཏག་ཡིན་ན་ད་ཅིག་འཇོན་གི་པ། ཧི་ཧི་་་་་"

མཚམས་འདིར་དྲྭ་མིང་ལ་ཡོན་ཏན་ཅན་ཟེར་བ་ཞིག་གིས། བརྙན་ཐུང་ཞིག་བསྐུར་ནས། "འདི་མ་རབ་རེད་ད་ཡ་རབ་རེད"ཅེས་བྲིས་བྱུང་།

"ཡ་རབས་མ་རབས་སྤྱོད་པས་ཤེས། །དག་ཆ་ཡོད་མེད་བྲིས་ན་ཤེས། ཡ་ངས་གཅིག་ལྟ་དགོས།"སློབ་མ་ཟེར་བ་ཞིག་གིས་དེ་ལྟར་བྲིས།

 

ངས་ཁུ་སིམ་མེར་བརྙན་ཐུང་སྐར་ཆ་སུམ་ཅུ་ཅན་དེར་བལྟས། དེ་ནི་བོད་ཀྱི་བུ་མོ་སློབ་མ་ཞིག་ལ་བོད་ཀྱི་སྐྱེས་པ་ཞིག་གིས་ཉིན་མོར་དམར་ཧྲེང་ལ་བུད་དེ་འཁྲིག་པ་སྤྱོད་ཚུལ་གྱི་ཟུར་ཞིག་རེད། སྐྱེས་པ་དེའི་ལུས་སྨད་ལས་མི་མཐོང་ཡང་བུད་མེད་དེའི་གདོང་དང་འོག་དང་བཅས་པ་ཅུང་ཟད་རེ་འཆར་དུ་བཅུག་འདུག དེ་བས་བུ་མོ་དེ་ངོ་ཤེས་མཁན་ཞིག་ཡིན་ན་དེ་མ་ཐག་ཤེས་ཐུབ་པ་ཞིག་རེད། བུ་མོ་དེས་"རེམ་ཡ་་རེམ་་་ང་འཛིན་གྲྭ་ལ་རྗེས་སུ་ལུས་སོང"ཞེས་པའི་ཚིག་གསལ་མི་གསལ་རེ་གོ་ཐུབ། 

ངས་བལྟས་ཚར་བ་དང་ང་སུ་ཞིག་ལ་ཞེ་མེར་བའམ་རླུང་ལངས་འདུག་པ་ཚོར་བྱུང་། 

 

སྐབས་དེར་ཚོགས་པའི་ནང་ལ། ལ་ལས་ཁ་བཙུམ་ནས་དགོད་པ་དང་། ལ་ལས་མཐེ་བོང་སྟོན་ཚུལ། ལ་ལས་སྐྱག་པ་ཚ་བོ་མེ་ཏོག་མ་སོགས་བསྐུར་འདུག ངས་ཀྱང་སྐྱོ་རྟགས་ཆུང་ངུ་ཞིག་བཏང་།

 

"ཁ་ནང་ནས་ཐོན་ཐོན་བོར་གུས་ཚིག་མེད། ལག་ནང་ནས་བྲིས་བོར་དག་ཆ་མེད། ད་རུང་བསྐུར་བསྐུར་ཚང་མར་ཅིག་ལྟོས་དང་། ད་བྱ་བཙོག་ག ངོ་ཚ་མེད་པ། མ་རབས་ཐ་ཤལ་དེ་འདྲ"ཁ་སང་གིས།

"ངོ་མ་འགྲོ་བ་མིའི་ཀུན་སྤྱོད་དང་བྲལ་བ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་དང་འགལ་བ་རེད།"སློབ་མས་དེ་འདྲ་ཞིག་བྲིས་འདུག

"དེ་འདྲའི་ཉེས་པ་ཞིག་ཅི་ལ་ཡོད། མོ་རང་ཡང་མོས་མཐུན་ཡོད་སྲིད།"དེ་རིང་གིས།

"བརྙན་ལེན་སྟངས་དེ་གསང་ཐབས་ཀྱིས་བླངས་པ་ཞིག་ཡིན་པ་གསལ་བོ་རེད། ཁྲིམས་ལ་སྦྱོར་རྒྱུ་དེ་སུ་ཡིན་ན།"དྲང་བདེན་ཟེར་བས།

 

"བུ་མོ་སློབ་མ་དེས་རྗེས་ནས་བརྙན་དེ་བརྒྱུད་སྐུར་བྱེད་ཀྱིན་པ་ཤེས་ནས་མོ་རང་རྦད་དེ་སློབ་གྲྭ་ནང་ནས་གར་སོང་ཆ་མེད་དུ་གྱུར་བ་རེད། ང་ཚོའི་སློབ་གྲྭའི་སློབ་མ་ཞིག་རེད།"སློབ་མ་ཟེར་བས་ཡིག་ཐུང་འདི་བཏང་བྱུང་།

 ང་རང་དབང་མེད་པར་ངོ་མི་ཤེས་པའི་སྐྱེས་པ་དེར་རླུང་ལངས་པ་དང་དུས་མཉམ་ངས་རང་དབང་མེད་པར་བུ་མོ་དེར་གདུང་སེམས་མཉམ་སྐྱེད་བྱས། 

 

སླར་ཡང་སུ་ཞིག་གིས། མགོ་ཟླུམ་གཟན་ཤམ་དམར་པོ་ཅན་གྱི་ཕོ་མོ་གཉིས་ཀྱིས་སོ་སོས་རང་ཉིད་ལ་བརྙན་ལེན་བཞིན་འཁྲིག་སྤྱོད་བྱེད་ཚུལ་གྱི་བརྙན་ཐུང་ཞིག་བསྐུར་བྱུང་།

"འདི་གྲྭ་རྫུན་གཉིས་ཀྱིས་ཆེད་དུ་མ་རབས་འཁྲབ་པ་ཞིག་མིན་ནམ"ངས་འདི་ལྟར་བསམས།

"བརྙན་ཐུང་དེའི་ནང་གི་གྲྭ་བ་དེ་ངས་ངོ་ཤེས། ཁོས་རོགས་པ་ཞིག་ལ་བསྟན། རོགས་པ་དེ་ཡང་ཨ་ནེ་དེར་དགའ་གི་ཡོད་ས་རེད། དེ་བས་དེས་ཁོ་ལ་ཕྲག་དོག་བྱས་ནས་ཁོའི་ཁ་པར་ནང་ནས་བརྐུས་ཏེ་གཞན་ལ་བསྐུར་བ་རེད་ཟེར། ཁ་སང་ཁོ་རང་གཉིས་ཀྱིས་རྒྱག་རེས་བརྒྱབ་ནས་གཅིག་སྨན་ཁང་ལ་བསྙལ་འདུག་ཟེར།"འདོད་ལྷའི་བུས་དེ་ལྟར་བཤད་སོང་།

"དེ་འདྲ་ཡང་ཡོད་དམ།"

"ཕེ་ཕེ་་་གད་སྙིགས་སྐུར་མི་དགོས།"

"མི་ངན་ཁ་ན་གཏམ་ངན་ཟེར་བ་ལྟར། མི་ངན་ལག་ནས་ཀྱང་འདི་འདྲ་མ་གཏོགས་ཅང་ཡོད་ལེ་མ་རེད"

"ད་ངོ་མ་ཞབས་འདྲེན་རང་རེད་ད།"ཞེས་ཚོགས་མི་གང་མང་ཞིག་གིས་དགའ་སྡུག་ཁྲོ་སོགས་ཀྱི་རྟགས་རིས་དུ་མ་ཞིག་ཀྱང་བསྐུར་བྱུང་།

 

 "ཁ་སང་དེ་རིང་གི་གནས་ཚུལ་མ་རིག་པ་མ་གོ་བ་མ་ཤེས་པ་ཚོས་ལྟོས།"དེ་རིང་གིས་སླར་ཡང་། བདེན་རྫུན་མཉམ་བསྲེས་ཀྱི་བརྙན་ཐུང་བཅུ་ལྷག་ཅིག་བཏང་བྱུང་།

 

ངས་མུ་མཐུད་དུ་དེ་དག་ལ་ལྟ་ཉན་ཀློག་གསུམ་དང་ཞོར་དུ་ཚིགས་སུ་བཅད་པ་འདི་འདྲ་ཞིག་བྲིས་ནས་བསྐུར།

"ཁ་སང་དེ་རིང་དྲྭ་ལམ་ལྟད་མོ་མང་། །ལྟད་མོ་ཕལ་ཆེར་སེམས་པ་སྐྱོ་བའི་རྒྱུ༎

དྲྭ་ལམ་དགའ་རོགས་སྒྲིག་ཚུལ་མང་བ་ལ། །བཟའ་འཐོར་བྱིས་པ་སྐྱུར་མཁན་མང་བ་ལ༎

མགོ་སྐོར་ཞལ་འདེབས་སློང་མཁན་མང་བ་ལ། །རྒྱ་བླའི་གཡོ་སྒྱུའི་ཟློས་གར་མང་བ་ལ། །

ལོག་ལྟ་སྐུར་བ་འདེབས་མཁན་མང་བ་ལ། །གཞན་སྐྱོན་ཤིག་སྲོ་འཐུ་མཁན་མང་བ་ལ། །

རང་སྐྱོན་གཡག་ལུག་མཐོང་མཁན་ཉུང་བ་། །ཡ་རབས་ལས་འབྲས་བརྩི་མཁན་ཉུང་བ་ལ༎

མདོར་ན་ལབ་དང་རྫུན་དང་བཅོས་མ་ཡིས། །ཁ་སང་དེ་རིང་བོད་ཁམས་གང་ནས་འདུག།

ཚུལ་དུ་བསམ་ཞིང་བསམས་ན་གཏིང་ནས་སྐྱོ། །ཡ་རབས་བོད་ཀྱི་རིག་གཞུང་གང་ན་ཡོད༎

མ་རབས་བསམ་སྤྱོད་དུག་གི་གཉེན་པོ་ལ། །༧རྒྱལ་བའི་བཀའ་སློབ་བདུད་རྩི་འཐུང་བར་མཛོད༎"

 

"ཐག་ཐག་ཐག" ངས་ཁོང་ཚོ་བསླེབས་པ་ཤེས་ཏེ་སྒོ་ཕྱེས་ཏེ།

"ཁ་སང་དེ་རིང་གྲོགས་པོ་འཛོམས་རྒྱུ་ཡང་དཀའ་གི་ཡ"ཞེས་འཁང་ར་ཞིག་དང་ལྷན་དུ་ནང་དུ་བསུས།

"ཁ་སང་དེ་རིང་མགྲོན་པོར་འགྲོ་ས་ཡང་མི་ལོན་གི"གཟིག་མགོ་ཅན་གྱིས་ཀྱང་སྐྱོ་མཉམ་ཅུང་དང་བཅས་བརྗོད་ཀྱིན།

"ཁྱོད་ཀྱི་ཀ་ལུམ་པིང་གི་ཐུག་བཟོ་བ་ཀློག་འདོན་གྱི་སྒྲ་སྒམ་དེ་སྐུར་རོགས་ཟེར་མཁན་ཧ་ཅང་མང་གི ངས་དེ་བསྐུར་ནས་མ་ཚར་བར། ༧གོང་ས་མཆོག་གི་བཀའ་སློབ་དེ་ཡང་ཕབ་བཤུ་མ་ཚར་ཐལ"ཤེས་བཤད་ཀྱིན་རྒྱབ་ཁུག་ལས་1664་ཅན་གྱི་ལྦུ་ཆང་ཆག་པ་གཉིས་སོགས་བཏོན།

"བཀའ་དྲིན་ཆེ། གང་ལྟར་ཁོང་སྐུ་མཆེད་རྣམ་གཉིས་ཀྱི་མཛད་རྗེས་རེད། ཧ་ཅང་ལེགས།"ངས་ཁོ་ལ་བསྔགས་བརྗོད་བྱས།

"ཡ་་་དམྱལ་བ་མ། ཁ་སང་དེ་རིང་ཁྱོད་ཇེ་ངར་རེད་ལ། <ལྔ་དང་ལྔ་བཅུའི་ཚོགས་འདུ>དེ་ཅི་འདྲ་བྱུང་སོང་། ཡ་་་གནས་ཚུལ་སྙན་ཞུ་ཞིག་བྱོས་དང་་་"ངས་མོ་ལ་དེ་ལྟར་བཤད་ཀྱིན་ལྦུ་ཆང་གྲང་མོ་ཞིག་གི་ཁ་ཕྱེས་ཏེ། "ཡ་་ཁ་ཞིག་སྦོངས་དང་་" དམྱལ་བ་མ་ནི་ངའི་ངོས་ནས་མོའི་གཅེས་མིང་ཞིག་ཡིན། སླར་ཡང་།

"ད་དུང་བོད་མི་སྐྱབས་བཅོལ་བ་གསར་བ་ཞིག་གི་སྒྲུང་ཐུང་ཞིག་ཡང་ཧྥ་ཡིག་ལ་སྒྱུར་དགོས་པས་་་" 

མོས་སྤྱང་གྲུང་ལྡན་པའི་མིག་ཟུང་ཆེན་པོ་གཉིས་ང་ལ་གཏོད་ཀྱིན། འཛུམ་ཙམ་གྱིས་ཅི་ཡང་མི་བཤད་པར། ལྦུ་ཆང་ཆང་ཕོར་གང་པོར་ཧུབ་ཆེན་ཞིག་བྱས་ཏེ། "ད་སྐོམ་ཞིག་སེལ་ན་དེས་ཧྲ་གི"

ཁ་སང་དེ་རིང་ད"ཁ་སང་དེ་རིང"ནང་ན་སེམས་ཁམས་ཅུང་བདེ་གི་མེད་པ་འདྲ།"ཡ་་བདུད་རྩི་འདི་བཞེས་ཏེ། སེམས་ངལ་་ཞིག་གསོས།"དོལ་སྨྱོན་གྱིས་དེ་ལྟར་བཤད་ཀྱིན་རྒུན་ཆང་དམར་པོ་ཤེལ་དམ་གང་ཅོག་ཙེ་སྒང་ལ་བཞག་ཅིང་།

"འདི་པར་ཕུད་ཡིན་ད། གཟིགས་རོགས་གནང་།"ཞེས་སྙན་ངག་གི་ལོ་དེབ་སྨྱུག་སྡེ་འདོན་ཐེངས་དྲུག་པ་ཞིག་ཀྱང་ལག་ཟུང་གིས་ཕུལ་བྱུང་། 

"འོ་ཡ་་་བཀའ་དྲིན་ཆེ། ད་ཆང་དམར་འཐུང་ཞོར་སྙན་ངག་ཅིག་གྱེར་ན་སེམས་ཇེ་བདེར་ཡོང་ངེས"ངས་ལན་དེ་འདྲ་ཞིག་ཐལ།

"འདི་ང་རང་གི་བདུད་རྩི་རེད་དོ།"གསར་བུས་ཁོ་རང་དང་འདྲ་བའི་རྒྱབ་ཁུག་ཁུ་ཚུར་ཞིག་དང་འདྲ་བ་དེའི་ནང་ནས་ཨ་རག་དཀར་པོ་ཤེལ་དམ་ལོག་རིལ་ཞིག་བླངས་ཏེ། མིག་རྡེབ་རྡེབ་དང་འཛུམ་འཚེར་འཚེར་ཀྱིས་ངའི་ངོ་ལ་བལྟས། 

"ཡང་ཁུ་ཚུར་གྱི་མཇལ་ཁ་སྟེར་གྱི་འདོད་ནས་མི་སྐྲག་གམ། ཧ་ཧ་ཧ་་་་"

 

ང་ཚོས་ནམ་རྒྱུན་གྱི་འཐུང་སྲོལ་ལྟར་དུ། སོ་སོའི་ཆང་ཕོར་བཀྱགས་ཏེ། གཟིག་མགོ་ཅན་གྱིས"བོད་རྒྱལ་ལོ།"ཞེས་དང་། ངས"ལུས་བདེ་སེམས་སྐྱིད།"ཅེས་ཁ་གཡང་བསྒྲགས་ཏེ་ཆང་ཕོར་གཏུགས། རོགས་པ་གཞན་དག་ལ་དམིགས་བསལ་གྱི་གཡང་འབོད་ཅང་མེད།

"ཁ་ཉིན་ཤེད་བུས་འབོད་སྐུལ་གནང་བ་ལྟར། ངས<<བོད་ཀྱི་ཡིག་ཟམ>>ནང་ལ་ངའི་སྒྲུང་རིང་རྩོམ་འཕྲོ་མ། <<རི་སྤྱང་ཀི་སྒོ་ཟོག>>གི་འཕྲོ་འབྲི་རྒྱུ་ཡང་ཁས་བླངས་ཡོད། ཡིན་ན་ཡང་ངས་བརྩམས་སྒྲུང་ཆ་ཚང་དེབ་གཟུགས་སུ་བསྐྲུན་ན་ལེགས་སྙམ། ད་ཟླ་རེར་སྒྲུང་ཐུངས་རེ་རྩོམ་ཐུབ་ན་བསམ་གྱི་ཡོད།"ངས་དེ་ལྟར་བཤད་དེ་བཟང་ས་རེ་རེའི་ངོ་ལ་ལྟ་བཞིན།

"ཡ་ད་ང་ཚོ་ཚང་མ་ཁ་སང་དེ་རིང་ཁོམ་གི་མེད་པ་རྐྱང་རྐྱང་རེད། ཚང་མའི་བྱ་བ་དོན་ཕན་ལྡན་པའི་སྨོན་འདུན་ཞུ།"ཞེས་ཆང་ཕོར་གནམ་ལ་བཏེགས་པ་དང་ཚང་མས་ཕན་ཚུན་གྱི་གདོང་ལ་ལྟ་བཞིན་སྤྲོ་སྣང་དང་སྤོབས་པའི་ཉམས་ཀྱིས་ལྷན་དུ། "ཡ་ཤོག་་་རྟེན་འབྲེལ་ཞུ། ཕོ་བྲང་དམར་པོ་ཚང་ལ་རྟེན་འབྲེལ་ཞུ།"༼ཕོ་བྲང་དམར་པོ་ཚང་ནི་གཟིག་མགོ་ཅན་གྱི་ཁང་པ་དང་ང་ཚོ་བཟང་སའི་ཚོགས་པའི་མིང་ངོ།༽ཞེས་བཤད་པ་དང་ཚང་མས་ལྷན་དུ་དེ་ལྟར་བརྗོད་དེ་ཆང་ཕོར་བཏེགས། འདི་ནི་རང་ཉིད་དང་ཕན་ཚུན་ལ་སྐུལ་འདེད་དང་རེ་བ་བཅངས་པའི་སེམས་གཏིང་གི་འབོད་སྒྲ་ཞག་གོ།

 

དེ་ནས་ང་གསང་སྤྱོད་དུ་འགྲོ་ཞོར"ཁ་སང་དེ་རིང"གི་ནང་ལ་གཅིག་བལྟས།

"ཁ་སང་སྔ་མོའི་དུས་སུ། །ཁ་བ་ཅན་གྱི་ཡུལ་ལ། །ཁ་ལས་རླུང་རྟ་མེད་ཀྱང་། །ཁ་སང་དེ་རིང་དུས་ཀྱི༎

ཁ་ཁོག་ཁ་ཁར་གྱུར་ཞིང་། །ཁ་ལས་མར་ལ་འཕེན་པའི། །ཁ་བཙོག་དོན་རྫོབ་འདི་འདྲ།  །ཁ་ནས་བཤད་མཁན་མ་དགོས། །ཁོག་ལ་དྲན་མཁན་མ་བྱུང་། །ཁ་སང་དེ་རིང་མི་ལ། །ཁ་དོན་འདི་ལས་མེད་ན། །ཁ་བ་རི་བའི་ལས་སྐལ། །ཁ་མིན་དོན་གྱིས་ཚར་འདུག །"ཅེས་སྐྱོ་རྟགས་མཆི་མ་ཅན་འགའ་བཏང་འདུག

"ཙུ་གུ་གསོད་ཐུབ་ན། ཞི་མོ་དཀར་ནག་ལ་ཁྱད་མེད། ཧི་ཧི་་་་"དེ་རིང་གིས་ཡིག་ནོར་ཞིག་དང་ཕལ་ཆེར་གཏགས་ནོར་ཅན་དེ་འདྲ་ཞིག་བྲིས་འདུག

 "ཁྱོད་ཀྱི་ཞི་མོས་ཙི་གུ་བསད་དེ་བཟའ་བ་མིན་ནམ།"ངས་ཁེར་དགོད་ཅིག་དང་ལྷན་དུ་བྲིས།

 

དོལ་སྨྱོན་གྱིས། ཁ་པར་ནང་ལ་ལྟ་བཞིན། "ཡང་ལྟད་མོ་འདུག ལ་ལས་ནམ་མཁའི་ནོར་བུ་ལགས་གྲོངས་འདུག་ཟེར། ལ་ལས་གྲོངས་མི་འདུག་སྨན་ཁང་ལ་ཡོད་རེད་ཟེར། ཐ་ན་བོད་ཀྱི་དུས་བབ་ཀྱིས་ཀྱང་་་་ཨ་ལ་ལ་ལ་་་"ཟེར་ནས་མགོ་གཡུག་གཡུག་བྱས།

དེ་ནས་ང་ཚོས་དེ་དག་ལས་འཕྲོས་ཏེ་ཁ་སང་དེ་རིང་གི་གཏམ་རྒྱུད་གསར་རྙིང་དག་གླེང་འགོ་བརྩམས་སོ༎ ༎

 

མུ་འགོད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php